༄༅།། ༢༠༡༦་གི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་དམངས་གཙོ་ཚོགས་པར་སྲིད་འཛིན་འོས་མིར་འགྲན་ཞུགས་བྱེད་མཁན་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཀྲོན་དང་གྲོས་ཚོགས་གོང་མའི་འཐུས་མི་བྷར་ཎི་སན་ཌར། སྤྱི་མཐུན་ཚོགས་པར་ཌོ་ནལ་ཊི་རམ་ཕུ་དང་ཊེ་ཊི་ཁུ་རུ་ཟི། མར་ཁོ་རུ་བིའོ་དང་ཇཱོན་ཁ་ཤཱི། ཇེབ་རྦུ་ཤཱི་སོགས་ཡོད་པ་དང་། ཁོ་ཚོས་རང་ཉིད་སྲིད་དོན་ཚོགས་པ་སོ་སོའི་སྲིད་འཛིན་འོས་མིར་འདེམས་ཐོན་ཡོང་བའི་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༢་ཚེས་༩་ཉིན་ཨ་སྒོར་དུང་ཕྱུར་མང་པོའི་བདག་པོ་འབྱོར་ལྡན་པ་དང་ནེའུ་ཡོཀ་མངའ་སྡེའི་སྤྱི་ཁྱབ་པ་ཟུར་པ་སྟེ། མེ་ཁེལ་རྦུ་ལུམ་བྷར་གྷེ་ཡིས་༢༠༡༦་གི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱ་རྒྱུའི་བསམ་གཞིག་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་དང་། མེ་ཁེལ་རྦུ་ལུམ་བྷར་གྷེ་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱེད་ཚེ། ད་ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཕྱོགས་ཡོངས་ནས་འགྱུར་བ་ཆེན་པོ་ཞིག་ཐེབས་རྒྱུ་ཡིན་པ་མ་ཟད། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མིར་འགྲན་ཞུགས་བྱེད་མཁན་ཚོར་མི་མང་གིས་རྒྱབ་སྐྱོར་བྱ་ཕྱོགས་དེར་ཡང་འགྱུར་བ་ཐེབས་རྒྱུ་དང་། སྲིད་དོན་ཉམས་ཞིབ་པ་ཚོས་མེ་ཁེལ་རྦུ་ལུམ་བྷར་གྷེ་དངོས་སུ་ཨ་རིའི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱ་རྒྱུ་ཡིན་མིན་ངང་སྒུག་བྱེད་ཡོད་པ་རེད།