ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ལོ་འདིའི་ལོ་སྨད་དུ་འགྲུབ་འཆར་ཡོད་ཟེར།


ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ཟེར་བ་ཞིག་ལོ་འདིའི་ལོ་སྨད་དུ་ཕྱིར་སྤེལ་བྱ་རྒྱུ་ཡིན་ཞེས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གཟའ་ཟླ་བའི་ཉིན་གནས་ཚུལ་སྤེལ་ཡོད།།

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ནི་མདོ་སྨད་མཚོ་སྔོན་ཞིང་ཆེན་ཟེར་བའི་ཁོངས་གཏོགས་མཚོ་ལྷོ་ཁུལ་དུ་སྒྲུབ་བཞིན་པའི་ལས་གཞི་ཡིན་པ་དང་། ཕྱི་ལོ་༢༠༡༣་ལོའི་ཟླ་༤་ནས་འགོ་ཚུགས་ཡོད། ལས་གཞི་འདི་ནི་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་འགན་ཁུར་ནས། ནུབ་བྱང་མི་རིགས་སློབ་ཆེན་དང་པེ་ཅིང་ཞཱན་ཏཱན་ཀུང་ཟི་བཅས་ཀྱིས་མཉམ་ལས་བྱེད་བཞིན་པའི་ལས་གཞི་ཞིག་རེད། འཚོལ་བཤེར་མ་ལག་འདིའི་ནང་གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས་སོགས་འཚོལ་བཤེར་གྱི་གཞི་རྩའི་སྤྱོད་ནུས་འཛུགས་སྐྲུན་དང་། དེ་མིན་ཡིག་ཚང་དང་རིག་མཛོད། དྲི་བ་དྲིས་ལན་བཅས་མ་ལག་གི་སྒྲིག་གཞི་སོགས་ཡོད་ཅེས་བཀོད་འདུག

མཚོ་ལྷོ་ཁུལ་བོད་སྐད་ཡིག་ལས་དོན་ཁང་གི་འགན་འཛིན་ཚེ་ལོ་ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་ལ་ངོ་སྤྲོད་བྱས་པ་ལྟར་ན། ལས་གཞི་འདིའི་ཐད་མི་༡༥༠་ལྷག་གིས་འདས་པའི་ལོ་གཉིས་ཀྱི་རིང་འབད་བརྩོན་བྱས་ཡོད་པ་དང་། ད་ལྟའི་ཆར་འཚོལ་བཤེར་བྱས་པའི་གྲུབ་འབྲས་ལས་བརྒྱ་ཆའི་༩༥་ཡང་དག་རྙེད་ཡོད་ཟེར།།

ཚེས་༡༡་ཉིན་ཞིན་ཧྭ་གསར་འགྱུར་དང་མཚོ་སྔོན་གསར་འགྱུར་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ཅེས་པ་འདི་ཕྱིར་སྤེལ་བྱས་རྗེས་རྒྱལ་ཁབ་ཕྱི་ནང་གཉིས་སུ་བེད་སྤྱོད་བྱེད་མཁན་ས་ཡ་གཅིག་དང་འབུམ་གཉིས་ལྷག་ལ་སླེབས་སྲིད་པ་དང་། བོད་ཀྱི་ཆ་འཕྲིན་ཐད་རྨད་དུ་བྱུང་བའི་མཛད་རྗེས་ཤིག་ཏུ་ཆགས་ངེས་རེད་ཟེར།།

ད་ལྟའི་ཆར་འཛམ་གླིང་སྟེང་གི་འཚོལ་བཤེར་མ་ལག་རྒྱུགས་ཆེ་ཤོས་ནི་Google འཚོལ་བཤེར་མ་ལག་ཡིན་པ་དང་། དེའི་སྟེང་བོད་ཡིག་གི་འཚོལ་བཤེར་ཀྱང་བྱེད་ཐུབ་ནའང་། རྒྱ་ནག་གཞུང་གིས་Google བཀག་ཡོད་ཕྱིར་གཞིས་བཞུགས་བོད་མི་རྣམས་ཀྱིས་འཚོལ་བཤེར་མ་ལག་དེ་ལོངས་སུ་སྤྱོད་ཐུབ་ཀྱིན་མེད། དེ་བཞིན་དུ་པེ་ཏུའུ་ཟེར་བ་ནི་རྒྱ་ནག་ནང་ཁྱབ་ཆེ་ཤོས་ཀྱི་འཚོལ་བཤེར་མ་ལག་ཡིན་ནའང་། དེའི་སྟེང་བོད་ཡིག་འཚོལ་བཤེར་བྱེད་མི་ཐུབ་པ་རེད།།

XS
SM
MD
LG