ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་མོ་དེ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་༢༦་འཁོར་བའི་དུས་དྲན་ཡིན་སྟབས། དེང་སྐབས་གསུང་༧གོང་ས་མཆོག་གིས་ཆོས་སྩལ་ཡུལ་རྒྱ་གར་ལྷོ་ཕྱོགས་ཀྱི་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞི་ཆགས་སུ་ཡོད་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོས་རྭའི་ནང་དུ་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་དང་། ཧུན་སུར་གཞི་ཆགས་ཀྱི་འགོ་འབངས་ཡོངས་ནས་༧གོང་ས་མཆོག་ལ་སྐལ་བཟང་གསེར་འབུམ་འདེགས་འབུལ་ཞུས་པ་ཡོད་པ་རེད།