ངོ་འཕྲད་བདེ་བའི་དྲ་འབྲེལ།

འཇིགས་བསྐུལ་རིང་ལུགས་ཀྱི་གནད་དོན་ཐད་སྲིད་འཛིན་ཨཽ་བྷ་མ་མཆོག་གིས་གསུངས་བཤད་གནང་ཡོད་པ།


ཉེ་ལམ་ཕྷི་རན་སེའི་རྒྱལ་ས་པེ་རི་སེ་དང་ ཨ་མི་རི་ཀའི་མངའ་སྡེ་ཀེ་ལེ་ཕྷོར་ནི་ཡེའི་ནང་ ཁ་ཆེ་མཐར་ལྷུང་དྲག་སྤྱོད་པས་རྒོལ་བརྡུང་བཏང་བའི་ཚབས་ཆེའི་གནས་ཚུལ་རིམ་པ་བྱུང་བའི་རྗེས་སུ་ ཨ་མི་རི་ཀའི་སྲིད་འཛིན་བྷ་རག་ཨཽ་བྷ་མ་མཆོག་གིས་ ད་རེས་རེས་གཟའ་ཉི་མའི་ཕྱི་དྲོ་ཆུ་ཚོད་༨པའི་ཐོག་ སྲིད་འཛིན་གྱི་ལས་ཁུངས་རང་ནས་ རྒྱ་ཆེ་མང་ཚོགས་ལ་ཐད་ཀར་བརྙན་འཕྲིན་བརྒྱུད་ གལ་ཆེའི་གསུང་བཤད་ཅིག་གནང་སྟེ་ རྒོལ་བརྡུང་གི་གནས་སྟངས་འདི་འདྲའི་སྐབས་སུ་ འཇིགས་སྣང་གི་དབང་དུ་མ་སོང་བ་བྱེད་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་བ་དང་འབྲེལ་ ཨ་མི་རི་ཀའི་གཞུང་གི་ངོས་ནས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་ཐབས་བརྒྱ་བྱུས་སྟོང་བྱེད་བཞིན་པ་ཡིན་ལུགས་ནན་བརྗོད་གནང་ཡོད་པ་རེད་ དེ་ཡང་ སྲིད་འཛིན་ཨཽ་བྷ་མ་མཆཽག་གིས་ གཟའ་འཁོར་སྔོན་མ་ ཨ་མི་རི་ཀའི་མངའ་སྡེ་ཀེ་ལེ་ཕྷོར་ནི་ཡེའི་ ས་གནས་སཱེན་ བྷར་ནར་ཌི་ནཱོ་ནང་ མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་བ་དེའི་ཐད་ དབུས་ཞིབ་དཔྱོད་ལས་ཁང་༼FBI༽ཡིས་ཞིབ་དཔྱོད་བྱས་ཏེ་ གནས་ཚུལ་བསྡུ་རུབ་བྱེད་བཞིན་པ་ཡིན་པས་ ད་ལྟའི་ཆར་ གོང་ཞུས་ས་གནས་སུ་གང་ བྱུང་མེ་མདའ་རྒྱག་མཁན་བཟའ་མི་དེ་གཉིས་ ཕྱི་རྒྱལ་དུ་ཡོད་པའི་གཞི་རྒྱ་ཆེ་བའི་འཇིགས་བསྐུལ་སྒྲིག་འཛུགས་ཀྱི་ཆ་ཤས་ཡིན་པའི་དཔང་རྟག་ཐོན་པ་བྱུང་མེད་ཅེས་གསུངས་ཡོད་ སྲིད་འཛིན་མཆོག་གིས་མུ་མཐུད་དེ་ ཨ་མི་རི་ཀས་ འཇིགས་བསྐུལ་རིང་ལུགས་པའི་རྒོལ་བརྡུང་སྔོན་འགོག་བྱ་རྒྱུའི་བྱ་ཐབས་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་སྟེ་ ད་ལྟ་ཨ་མི་རི་ཀའི་དམག་མིས་ཕྱིའི་རྒྱལ་ཁབ་ཁག་གི་ནང་ འཇིགས་བསྐུལ་རུ་ཚོགས་ཁག་ཚར་གཅོད་རྒྱུར་དམིགས་པའི་ལས་འགུལ་ནུས་པ་གང་ཡོད་ཀྱི་ཐོག་ནས་སྤེལ་བཞིན་པ་རེད་ འོན་ཀྱང་ ད་ཆ་འཇིགས་བསྐུལ་རིང་ལུགས་པ་ཚོས་རྒོལ་བརྡུང་གཏོང་སྟངས་ལ་འགྱུར་བ་བཏང་སྟེ་ ད་རེས་ཀེ་ལི་ཕྷོར་ནི་ཡེའི་ནང་བྱུང་བའི་རྒོལ་བརྡུང་དེ་རིགས་གཏོང་འགོ་ཚུགས་ཡོད་པས་ འདི་འདྲའི་གནས་ཚུལ་བྱུང་བའི་སྐབས་སུ་ཨ་མི་རི་ཀ་བ་རྣམས་ཀྱིས་ ད་ཆ་ང་ཚོ་ལམ་འཕྲལ་བཅོས་ཐབས་མེད་པའི་སྐྲན་ནད་ལྟ་བུ་ཞིག་ལ་གདོང་ལེན་བྱེད་དགོས་པ་ཆགས་ཡོད་དམ་བསམ་པའི་སེམས་ཚོར་ཡོང་གི་ཡོད་ཀྱང་ ང་ཚོས་༼ISIL༽ཕམ་ཉེས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་དང་ དེ་ནི་Islamic Stateཟེར་བའི་ཁ་ཆེ་མཐར་ལྷུང་དྲག་སྤྱོད་རུ་ཚོགས་ཀྱི་བསྡུས་མིང་ཡིན་པ་རེད་ སྲིད་འཛིན་Obamaམཆོག་གིས་ ཨ་མི་རི་ཀས་ཐབས་ལམ་བཞི་ལ་བརྟེན་ནས་ འཇིགས་བསྐུལ་རིང་ལུགས་པ་ཚར་གཅོད་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་བ་དང་འབྲེལ་ དང་པོ་དེ་ནི་ འཇིགས་བསྐུལ་རིང་ལུགས་པའི་འགོ་གཙོ་རྣམས་ འཛམ་གླིང་གི་ས་ཕྱོགས་གང་དུ་འགབ་ཡིབས་བྱས་ཏེ་བསྡད་ཡོད་ཀྱང་ ཨ་མི་རི་ཀས་དེ་དག་ཡན་པོར་གཏོང་རྒྱུ་མིན་པ་དང་ གཉིས་པ་དེ་ནི་ ད་ལྟ་Islamic Stateདྲག་སྤྱོད་པ་དང་འཐབ་འཛིངས་བྱེད་ བཞིན་པའི་Iraqདང་ Syriaའི་དམག་མི་རྣམས་ལ་ ཨ་མི་རི་ཀས་དམག་སྦྱོང་མུ་མཐུད་དེ་སྤྲོད་རྒྱུ་དང་ ཁོང་ཚོར་མཁོ་བའི་མཚོན་ཆ་མཁོ་འདོན་བྱ་རྒྱུ་དེ་ཡིན་ཞིང་ གསུམ་པ་དེ་ནི་ མཐར་ལྷུང་དྲག་སྤྱོད་པ་དེ་རིགས་ཕམ་ཉེས་སུ་གཏོང་རྒྱུར་མཐུན་ཕྱོགས་ཡུལ་གྲུ་ཁག་དང་ དེ་མིན་གྱི་རྒྱལ་ཁབ་གཞན་ཚོ་དང་མཉམ་ལས་བྱེད་ཀྱི་ཡོད་ བཞི་པ་དེ་ནི་ སི་རི་ཡེའི་རྒྱལ་ནང་དམག་འཁྲུག་གི་དཀའ་རྙོག་མཇུག་འགྲིལ་ཐབས་སུ་ ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་བཀག་གཏན་འབེབས་བྱས་ཏེ་ དེ་གཞིར་བཟུང་ལག་བསྟར་ཡོང་ཐབས་བྱེད་བཞིན་པ་བཅས་ཡིན་ཞེས་གསུངས་ཡོད་

སྲིད་འཛིན་Obamaམཆོག་གིས་མུ་མཐུད་དེ་ དེའི་ཐོག་ལ་རྒྱལ་ནང་དུ་ལག་བསྟར་བྱེད་དགོས་པའི་གནད་དོན་ཁག་ཅིག་མཛུབ་སྟོན་གནང་ཡོད་པ་དེ་དག་གི་ཁོངས་སུ་ ཨ་མི་རི་ཀའི་རྒྱ་ཆེའི་མང་ཚོགས་ཀྱི་འདོད་མོས་ལྟར་ གྲོས་ཚོགས་ཀྱིས་ངེས་པར་དུ་མེ་མདའ་གང་བྱུང་ཉོ་ཚོང་མི་ཆོག་པའི་དམ་དྲག་བྱེད་དགོས་པ་དང་ ཁ་ཆེའི་འགོ་ཁྲིད་རྣམས་ཀྱིས་ངེས་པར་དུ་ང་ཚོ་དང་མཉམ་ལས་བྱས་ཏེ་ al-Qaidaདང་ Isalamic Stateལ་སོགས་པའི་འཇིགས་བསྐུལ་རུ་ཚོགས་ཁག་གིས་ཁྱབ་སྤེལ་བྱེད་པའི་ནང་ཁུལ་འཐེན་འཁྱེར་དང་ འཁོན་འཛིན་སློང་གཞིའི་མཐར་ལྷུང་གི་ལྟ་སྤྱོད་ཐ་ཤལ་གྱི་རིགས་བཀག་འགོག་བྱ་རྒྱུར་འབད་བརྩོན་བྱེད་དགོས་པ་ཡིན་ དེ་ག་ནང་བཞིན་ ལུང་པ་འདིའི་ནང་ཡོད་པའི་ཁ་ཆེ་རྣམས་ལ་ང་ཚོས་ལྟ་སྟངས་མི་གཅིག་པ་ཞིག་བྱེད་དགོས་ཚུལ་འགའ་ཞིག་གིས་བརྗོད་ཀྱི་ཡོད་པ་དེ་རིགས་ལ་ ཆོས་ལུགས་ཀྱི་དབྱེ་བ་མེད་པར་ ཨ་མི་རི་ཀ་བ་ ཚང་མས་མཐའ་ཅིག་ཏུ་ངོ་རྒོལ་བྱ་རྒྱུ་དེ་ ང་ཚོའི་ལས་འགན་ཡིན་ དེ་འདྲ་བྱས་ཏེ་ ང་ཚོ་ཚང་མ་མཐུན་བསྒྲིལ་རྡོག་རྩ་གཅིག་བསྒྲིལ་བྱས་ཏེ་བསྡད་པ་ཡིན་ན་ ང་ཚོས་འཇིགས་བསྐུལ་རིང་ལུགས་ཕམ་ཉེས་གཏོང་ཐུབ་རྒྱུ་ཡིན་པར་ཐེ་ཚོམ་གཏན་ནས་མེད་ཅེས་གསུངས་ཡོད་པ་རེད།

XS
SM
MD
LG