ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཀྱིས་བོད་དུ་གཟིགས་སྐོར།


ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འཐུས་མི་ཁག་ཅིག་བོད་དུ་གཟིགས་སྐོར་ལ་ཕེབས་ནས་བོད་རང་སྐྱོང་ལྗོངས་དང་རྒྱ་ནག་གི་འགོ་ཁྲིད་ལ་མཇལ་འཕྲད་བཀའ་མོལ་གནང་བའི་ཐད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞུས་ཡོད།། ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ནན་སེ་ཕོ་ལོ་སི་ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་དྲུག་གི་སྐུ་ཚབ་ཚོགས་པས་བདུན་ཕྲག་སྔོན་མའི་ནང་བོད་དུ་གཟིགས་སྐོར་གནང་བ་དང་། སྐུ་ཚབ་ཚོགས་པ་འདི་ཡིས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་ལྷན་ཁ་ཞེ་གཉིས་མེད་ཀྱི་ཐོག་བོད་རང་སྐྱོང་གི་སྲིད་ཇུས་ལ་བརྩི་འཇོག་དང་། འབྱུང་ཁམས། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་དད་མོས་རང་དབང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བརྒྱབ་པ་ཡིན་ཟེར། དེར་མ་ཟད་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཨ་རིའི་མང་ཚོགས་དང་། གྲོས་ཚོགས་སུ་ཆབ་སྲིད་ཕྱོགས་ཁག་ལ་ལྟོས་པ་མེད་པར་ཚང་མས་བརྩི་འཇོག་མཐོན་པོ་བྱེད་པ་ཡིན་ཞེས་བསྟན་ཡོད།། སྐུ་ཚབ་ཚོགས་པ་འདི་ནི་ཕོ་བྲང་པོ་ཏཱ་ལ་དང་། ཇོ་ཁང་། སེ་ར་དགོན་པ་བཅས་སུ་གཟིགས་སྐོར་ལ་ཕེབས་ཐུབ་ཡོད། བུ་ཆུང་ཚེ་རིང་ལགས་ཀྱིས་ངོ་སྤྲོད་ཞུས་པ་ལྟར་ན། སྐུ་ཚབ་ཚོགས་པ་འདི་བོད་དུ་ཕེབས་རྒྱུ་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ལ་དེ་སྔ་ནས་བརྡ་བཏང་ཡོད་པ་དང་། སྐུ་ཚབ་ཚོགས་པ་འདི་ཡིས་རྒྱ་ནག་གི་གནད་ཡོད་མི་སྣ་དང་ལྷན་དུ་བཀའ་མོལ་གནང་བའི་ནང་དོན་ཞིབ་ཕྲ་ཁག་མི་འགྱངས་པར་གསལ་རྟོགས་ཡོང་ངེས་རེད་ཅེས་གསུངས་ཡོད།།

XS
SM
MD
LG