ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྷིང་འཇགས་མེད་པའི་ཧི་མ་ལ་ཡའི་རྩོམ་པ་པོ་གློད་བཀྲོལ།


ཕྱི་ལོ་༢༠༡༥་ཟླ་༡༠་ཚེས་༡༢་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་། རྒྱ་ནག་གཞུང་གིས་ལོ་བཅུ་ཐམ་པ་ལྷག་ལ་བཙོན་འཇུག་བྱས་ཏེ་གློད་བཀྲོལ་ཐོབ་པའི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱི་གནས་སྟངས་དང་ལོ་རྒྱུས་ཐད་ཁོང་དང་ཕ་ཡུལ་གཅིག་པ་ཡིན་པའི་ཨ་རིག་འགྱུར་མེད་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་ཞེས་པའི་དཔེ་དེབ་རྩོམ་པ་པོ་ཨ་རིག་སྒྲོལ་མ་སྐྱབས་ལགས་ནི་ལྷ་སའི་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་གི་དུས་ཡུན་གཙང་སྟེ་ཟླ་འདིའི་ཚེས་༨་ཉིན་གློད་བཀྲོལ་ཐོབ་སྟེ་ནང་མི་ལ་རྩིས་སྤྲོད་བྱས་ཡོད་པ་དང་། ཁོང་གི་གཟུགས་གཞིའི་བདེ་ཐང་ཐད་དོ་སྣང་བྱེད་དགོས་པའི་གནས་སུ་གྱར་ཡོད་པ་རེད།།

སྒྲོལ་མ་སྐྱབས་ལགས་ལོ་བཅུ་ལྷག་ལ་བཙོན་འཇུག་བྱས་ཏེ་གློད་བཀྲོལ་བཏང་རྗེས་ཁོའི་ཕ་ཡུལ་ཕྱོགས་ཀྱི་དྲ་ལམ་སོགས་ལ་དམ་དྲག་བྱས་ཡོད་པའི་རྟགས་མཚན་ཡོད་པ་དང་། སྒྲོལ་མ་སྐྱབས་ལགས་ལ་ཕོ་བ་སོགས་ཀྱི་ན་ཚ་བཟོས་ཡོད་པའི་དོགས་པ་བྱེད་བཞིན་ཡོད།།

ཨ་རིག་འགྱུར་མེད་ལགས་ཀྱིས་ངོ་སྤྲོད་ཞུས་པ་ལྟར་ན། སྒྲོལ་མ་སྐྱབས་ཚང་ལ་མིང་སྲིང་བཅུ་ཐམ་པ་ཡོད་པ་དང་། ཁོང་ནི་བུ་ལྔ་བོའི་ནང་གི་གསུམ་པ་དེ་ཡིན་པ་རེད། དེར་མ་ཟད་སྒྲོལ་མ་སྐྱབས་ཚང་གི་ནང་མི་ནི་ས་ཁུལ་དེ་རུ་སྟོང་ལུག་གི་བདག་པོ་ཞེས་ཁྱིམ་ཚང་གི་ཆ་རྐྱེན་ཡག་པོ་ཡོད་པ་ཞིག་ཏུ་བརྩི་བ་རེད་ཟེར།།

སྒྲོལ་མ་སྐྱབས་ལགས་ནི་ཕྱི་ལོ་༡༩༧༦་ལོར་བོད་མདོ་སྨད་ཨ་རིག་སྟེ་ད་ལྟའི་རྒྱ་གཞུང་གིས་ས་ཁོངས་ཆ་བགོས་ལྟར་ན་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོང་ལུང་སྡེ་བ་རུ་སྐྱེས་ཤིང་། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་དང་པེ་ཅིང་དུ་ཡོད་པའི་མི་རིགས་སློབ་ཆེན་སོགས་སུ་སློབ་གཉེར་གནང་ཡོད། ༢༠༠༣་ལོར་རྒྱ་གར་དུ་ཡོང་སྟེ་དབྱིན་ཇིའི་སྐད་ཡིག་སྦྱང་ཞོར་ལ་ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་ཞེས་པ་རྒྱ་ཡིག་སྟེང་བརྩམས། ༢༠༠༤་ལོར་ཕྱིར་བོད་དུ་ལོག་སྟེ་ལྷ་ས་རུ་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། ༢༠༠༥་ལོའི་ཟླ་༣་ཚེས་༩་ཉིན་རྒྱ་ནག་ཉེན་རྟོག་མི་སྣས་འཇུ་བཟུང་བྱས་ནས། ལོ་དེའི་ཟླ་༡༡་ཚེས་༣༠་ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ནག་ཉེས་བཙུགས་ཏེ་ལོ་༡༠་དང་ཕྱེད་ཀར་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད།།

བཞུགས་སྒར་དྷ་རམ་ས་ལའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྒྲོལ་མ་སྐྱབས་ལགས་ཀྱི་གནས་ཚུལ་ནི་ལོ་ལྟར་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྟེང་གླེང་སློང་བྱས་པ་དང་། ཕྱི་སྡོད་རྒྱ་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྒྲོལ་མ་སྐྱབས་ལགས་ལ་བཙོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་ཤིག་ཕུལ་བ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG