ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བུད་མེད་ཀྱི་ཐོབ་ཐང་ཐད་ཀྱི་ཨ་རི་དང་རྒྱ་ནག་གི་འགལ་ཟླ་གསལ་པོ་མཚོན་ཐུབ་ཀྱི་ཡོད་པ།


བུད་མེད་ཀྱི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཐད་ རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ རྒྱལ་སྤྱིའི་བུད་མེད་ཀྱི་ཚོགས་ཆེན་ཚོགས་ཏེ་ ད་ཆ་ལོ་ཉི་ཤུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ་ རེས་གཟའ་ཉི་མའི་ཉིན་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་ རྒྱ་ནག་གི་སྲིད་འཛིན་ཞྭི་ཅིང་ཕིང་དང་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཉིས་མཉམ་འབྲེལ་གྱི་ཐོག་ནས་ བུད་མེད་ཀྱི་ཐོབ་ཐང་གི་ཐད་གྲོས་མོལ་ཚོགས་འདུ་ཞིག་བསྐོང་འཚོག་བྱས་ཡོད་པ་རེད་ ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གཞུང་ནི་ བུད་མེད་ཚུད་པའི་མང་ཚོགས་ཀྱི་འགྲོ་བ་མིིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་མཁན་ཞིག་ཡིན་སྟབས་ རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་གི་སྲིད་འཛིན་དང་མཉམ་དུ་ བུད་མེད་ཀྱི་ཐོབ་ཐང་སྐོར་གྱི་གལ་ཆེའི་ཚོགས་འདུ་དེ་འདྲ་ཞིག་བསྡུ་བསྐོང་བྱ་རྒྱུའི་ཐག་གཅོད་བྱས་པར་ བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བ་དང་ འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་བཅས་པས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད་ ཨ་མི་རི་ཀའི་གཞུང་གིས་ཀྱང་དེ་ལ་ངོ་རྒོལ་གྱི་རྣམ་པའི་ཚུལ་དུ་ སྲིད་འཛིན་བྷ་རག་ཨཽ་བྷ་མ་མཆོག་གྲོས་མོལ་ཚོགས་འདུ་དེར་ཕེབས་མེད་པ་དང་ རྒྱལ་ཚོགས་ནང་གི་ཨ་མི་རི་ཀའི་གཞུང་ཚབ་ལྕམ་སཱེ་མེན་ཏྷ་ པཱ་ཝར་གྱིས་ཨ་མི་རི་ཀའི་གཞུང་གི་སྐུ་ཚབ་ཚོགས་པའི་སྣེ་འཁྲིད་གནང་སྟེ་ ཚོགས་འདུ་དེར་ཚོགས་ཞུགས་གནང་ཡོད་པ་རེད་ རྒྱ་ནག་དང་རྒྱལ་ཚོགས་ཟུང་འབྲེལ་གྱི་ཚོགས་འདུ་དེ་མ་འཚོག་གོང་ ལྕམ་པཱ་ཝར་གྱིས་སྣེ་འཁྲིད་གནང་བའི་ཐོག་ནས་ཨ་མི་རི་ཀའི་གཞུང་གིས་ སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ཐོག་༼བུད་མེད་ཉི་ཤུ་གློད་འགྲོལ་གཏོང་དགོས་༽ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད་ཅིང་ དེ་ནི་ རྒྱ་ནག་གཙོ་བོར་གྱུར་བའི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ བུད་མེད་ཐོབ་ཐང་དོན་གཉེར་བ་འཇུ་བཟུང་བཙོན་འཇུག་བྱས་པ་ཉི་ཤུའི་གནད་དོན་སྐོར་གླེང་སྟེ་ དེ་དག་གློད་འགྲོལ་གཏོང་རྒྱུས་མཚོན་པས་ བུད་མེད་ཀྱི་ཐོབ་ཐང་ལ་བརྩི་སྲུང་དགོས་པ་རྒྱུད་བསྐུལ་བྱ་རྒྱུར་དམིགས་པའི་ལས་འགུལ་ཞིག་ཡིན་པ་རེད།

XS
SM
MD
LG