ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་དམག་སྤྱི་ཁང་གིས་རྒྱ་གར་དང་འབྲེལ་བའི་མྱུར་སྒྲུབ་ཚན་པ་ཞིག་གསར་འཛུགས།


ཨ་མི་རི་ཀའི་དམག་སྤྱི་ཁང་གིས་ རྒྱལ་སྲུང་གི་ཐད་རྒྱ་གར་དང་འབྲེལ་བ་ཆེ་རུ་གཏོང་རྒྱུའི་ཆེད་དུ་ དམིགས་བསལ་ལས་དོན་ཚན་པ་ཞིག་གསར་འཛུགས་གནང་ཡོད་པ་དང་ ལས་དོན་ཚན་པ་དེས་ ཡུལ་གྲུ་གཉིས་མཉམ་ལས་བྱས་ཏེ་ ཆེས་དེང་རབས་ཅན་གྱི་འཕྲུལ་རིག་ལ་བརྟེན་པའི་དམག་མཁོའི་ཡོ་ཆས་བཟོ་བསྐྲུན་བྱ་རྒྱུ་ལ་སོགས་པའི་ལས་དོན་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད་ རྒྱ་གར་དང་འབྲེལ་བའི་དམིགས་བསལ་མྱུར་སྒྲུབ་ཚན་པ་ཞེས་པ་དེ་ནི་ འདི་ལོའི་ཕྱི་ཟླ་གཉིས་པའི་ནང་ རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ཨེཤ་ཏྲན་ ཀརྟྲར་གྱིས་ཨ་མི་རི་ཀའི་དམག་སྤྱི་ཁང་གི་དབུ་ཁྲིད་ཀྱི་འགན་འཁུར་བཞེས་ནས་རིང་པོ་མ་སོང་བར་ གསར་འཛུགས་བྱས་པ་ཞིག་ཡིན་པ་དང་ ལས་དོན་ཚན་པ་དེའི་འགན་འཛིན་ནི་ མཁོ་ཆས་ཉོ་སྒྲུབ་དང་ འཕྲུལ་རིག་ དེ་བཞིན་ འབྲེལ་མཐུད་བཅས་ཀྱི་ལས་དོན་ཐད་ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེའི་ཕྱག་རོགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཁང་གི་འགན་འཛིན་ཀིཏ་ ཝེབྶ་ཏྲར་ཡིན་པ་རེད་ རྒྱ་གར་ནི་ཨ་མི་རི་ཀའི་དམག་སྤྱི་ཁང་གི་ནང་ རང་དང་འབྲེལ་བའི་དམིགས་བསལ་ལས་དོན་ཚན་པ་འདི་འདྲ་ཞིག་ཡོད་པ་ཐོག་མ་དེ་ཡིན་ཞིང་ ད་ལྟ་ ཚན་པ་དེའི་ནང་ལས་ཀ་བྱེད་མཁན་མི་སྣ་བདུན་ཡོད་པ་དེ་དག་ ཨ་མི་རི་ཀའི་རྒྱལ་སྲུང་ཁང་གི་ཚན་པ་འདྲ་མིན་ནས་ཡིན་པ་དང་ ད་ལྟའི་ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ཀརྟྲར་གྱི་དབུ་ཁྲིད་འོག་ རྒྱ་གར་དང་རྒྱལ་སྲུང་ལས་དོན་ཐད་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་ཆེན་པོ་ཞིག་རྒྱག་གི་ཡོད་པའི་གནས་སྟངས་ལ་བརྟེན་ནས་ ལས་དོན་ཚན་པ་གསར་པ་དེའི་ནང་ལས་ཀ་བྱེད་འདོད་ཡོད་མཁན་མི་ཉུང་བ་ཞིག་ཡོད་ལུགས་ གཞུང་འབྲེལ་མི་སྣ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG