ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མི་གསོན་པོ་ཡོད་མེད་འཚོལ་ཞིབ་བྱེད་བཞིན་པའི་སྐབས་ཡང་བསྐྱར་ས་འགུལ་བརྒྱབས་པ།


བལ་ཡུལ་ནང་ བསྟོར་ཚབས་ཤིན་ཏུ་ཆེ་བའི་ ས་ཡོམ་འགུལ་ཤུགས་རིམ་པ་བདུན་དང་གྲངས་ཆུང་བརྒྱད་ལྷག་བྱས་པ་ཞིག་བརྒྱབས་ཏེ་ མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་བསམ་ཡུལ་ལས་འདས་པ་བྱུང་བའི་ཕྱི་ཉིན་ གཟའ་ཉི་མའི་ཉིན་ སྲོག་སྐྱོབ་ལས་དོན་མི་སྣ་རྣམས་ཀྱིས་ཁང་པ་ཞིག་རོའི་འོག་ཏུ་མི་གསོན་པ་ཡོད་མེད་འཚོལ་ཞིབ་བྱེད་པའི་ལས་དོན་གཞི་རྒྱ་ཧ་ཅང་གི་ཆེན་པོ་ཞིག་སྤེལ་བཞིན་པའི་སྐབས་དེར་ ཡང་ འགུལ་ཤུགས་རིམ་པ་༦དང་གྲངས་ཆུང་༧བྱས་པ་ཞིག་བརྒྱབས་ཏེ་ མི་རྣམས་འཇིགས་སྣང་དང་དངངས་འཚབ་ཅི་ཆེའི་གནས་སུ་གྱར་བའི་གནས་ཚུལ་བྱུང་ཡོད་འདུག གཟའ་སྤེན་པའི་ཉིན་དགུང་མ་ཟིན་གོང་ཙམ་ལ་བསྟོར་ཚབས་ཤིན་ཏུ་ཆེ་བའི་ས་ཡོམ་དེ་འདྲ་ཞིག་བརྒྱབས་པའི་རྐྱེན་གྱིས་ ད་ཕན་མི་གྲངས་ཉིས་སྟོང་ལྷག་ལ་སྲོག་སྐྱོན་དང་ ལྔ་སྟོང་ལྷག་ལ་རྨས་སྐྱོན་བྱུང་བ་མ་ཟད་ སྡོད་ཁྱིམ་མང་པོ་རྩ་མེད་དུ་གྱུར་ནས་མི་སྟོང་ཕྲག་མང་པོ་སྡོད་གནས་མེད་པར་གྱུར་ཡོད་པ་དང་ ནང་པའི་གནའ་རབས་ཀྱི་མཆོད་རྟེན་རྩ་ཆེན་མང་པོར་ཡང་གནོད་སྐྱོན་ཧ་ཅང་ཆེན་པོ་བྱུང་ཡོད་འདུག་ ད་ལྟ་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་ རོགས་རམ་ཚོགས་པ་ཁག་གིས་བལ་ཡུལ་ལ་རྒུད་སྐྱོབ་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་ཏེ་ ཛ་དྲག་གི་མཁོ་དངོས་སྐྱེལ་འདྲེན་དང་ སྲོག་སྐྱོབ་ལས་དོན་མི་སྣ་ཆེད་གཏོང་བཅས་བྱེད་བཞིན་པ་ཡིན་ཞིང་ དེ་དག་གི་ནང་ནས་རྒྱ་གར་གཞུང་ནི་ རོགས་རམ་བྱེད་པར་སྐྱོད་མཁན་ཨང་དང་པོ་དེ་ཡིན་པ་རེད།

XS
SM
MD
LG