ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་ཇིའི་བུ་ལོ་ཆུང་ཞིག་གིས་༧གོང་ས་མཆོག་ལ་གློག་འཕྲིན་ཕུལ་བར་བཀའ་ལན་བསྩལ་ཏེ་མཇལ་ཁ་གནང་ཡོད་པ།


སློབ་གྲྭར་འགྲོ་མཁན་དབྱིན་ཇིའི་བུ་ལོ་ཆུང་ཞིག་གིས་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་ གང་གི་མཛད་འཕྲིན་ལ་རྗེས་སུ་ཡིད་རང་དང་བསྔགས་བརྗོད་ཆེན་པོ་ཞུས་ཏེ་གློག་འཕྲིན་ཞིག་ཕུལ་བར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་བསྩལ་ཏེ་ བཞུགས་སྒར་དུ་གཟིམ་ཆུང་མཇལ་ཁ་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་པ་རེད་ རང་ལོ་༡༣ལ་སོན་པ་ཇོར་ཇྷི་ མཱོ་རཱིས་ལ་ རང་གི་བསམ་ཡུལ་ལས་འདས་པའི་ཞལ་བཞེས་བཟང་པོ་དེ་འདྲ་ཞིག་ཐོབ་པའི་རྗེས་སུ་ རང་གི་ཕ་དང་མཉམ་དུ་བཞུགས་སྒར་རྡ་རམ་ས་ལར་བསྐྱོད་དེ་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་བར་བཅར་སྐབས་ ཁོང་ཕ་བུ་གཉིས་ལ་དམིགས་བསལ་གཟིགས་བསྐྱངས་གནང་སྟེ་གཟིམ་ཆུང་མཇལ་ཁ་བསྩལ་བ་དང་འབྲེལ་ བཀའ་མོལ་རྒྱུན་རིང་པོ་གནང་སྟེ་བླང་དོར་གྱི་བཀའ་སློབ་བཀྲིན་ཆེ་གནང་མཛད་པ་མ་ཟད་ ད་དུང་ཕྱག་དེབ་མང་པོ་དང་ སྐུ་བརྙན་གཅིག་བཅས་ ཐུགས་བརྩེ་བ་ཆེན་པོས་གསོལ་བརྩལ་གནང་ཡོད་པས་ དེ་ནི་ ཁོང་ཕ་བུ་གཉིས་ཀྱི་མི་ཚེའི་ནང་ནམ་ཡང་བརྗེད་ཐབས་མེད་པའི་སྐལ་བཟང་གི་ཉིན་མོ་ཞིག་ཡིན་ཞེས་བརྗོད་འདུག

XS
SM
MD
LG