ཁམས་ཏྲེ་ཧོར་བྲག་མགོ་རྫོང་ཁོངས་སུ་བོད་མི་ན་གཞོན་གསུམ་གྱིས་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༦པའི་ཉིན་སྦག་སྦག་ལ་དར་ལྕོག་སྒར་ཏེ་རི་ལ་བསང་གསོལ་གཏོང་དུ་བསྐྱོད་པའི་སྐབས་རྒྱ་ནག་གི་ཉེན་རྟོག་པ་ཚོས་མེ་མདའ་བརྒྱབས་ཏེ་བོད་མི་གཅིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་ རྨས་སྐྱོན་ཕོག་མཁན་དེའི་མིང་ལ་རྟ་མགྲིན་ཟེར་གྱི་ཡོད་ཅིང་ གཞན་གཉིས་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད་ དེ་ཡང་ཕྱི་ཟླ་༣པའི་ཚེས་༡༠འི་ཉིན་ཁམས་བྲག་མགོ་ མདའ་མདོ་ཞང་ འབྲོག་རུ་སྡེ་བའི་ཕོ་གསར་གསུམ་གྱིས་སྦག་སྦག་ལ་དར་ལྕོག་བཏགས་ཏེ་རི་ལ་ལྷ་བསང་གཏོང་བར་སྐྱོད་བཞིན་པའི་ལམ་བར་དུ་ ཉེན་རྟོག་པས་བཀག་ཡོད་ཀྱང་ ཁོང་གསུམ་གྱིས་ རི་ལ་ལྷ་བསང་གཏོང་དུ་བསྐྱོད་རྒྱུ་ནི་བོད་མིའི་རིག་གཞུང་གི་ཁྲོད་འཚར་ལོངས་བྱུང་བའི་བོད་མི་ཡོངས་ལ་ལྷན་སྐྱེས་སུ་ཡོད་པའི་ཐོབ་ཐང་ཞིག་ཡིན་པར་ངོས་འཛིན་བྱས་ཏེ་ ལྷ་བསང་ཞིག་གཏོང་རྒྱུ་ལ་ཉེན་རྟོག་པས་ཐེ་བྱུས་བྱེད་དགོས་དོན་གང་ཡང་མེད་པ་ཡིད་ཆེས་བྱས་ཏེ་ཉེན་རྟོག་པ་ལ་ཁ་ཡ་མ་བྱས་པར་བརྟེན་ ཉེན་རྟོག་པ་ཚོས་ ཁོང་གསུམ་རྗེས་འདེད་བྱས་ཏེ་མེ་མདའ་བརྒྱབས་པ་ཞིག་ཡིན་འདུག