ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བདེ་ཆེན་ས་ཁུལ་དུ་ལྤགས་རིགས་རྒྱན་གོས་མེར་བསྲེགས།


བོད་ནང་ནས་གནས་ཚུལ་བཏང་བ་ལྟར་ན། གནམ་ལོ་གསར་ཚེས་ཀྱི་སྐབས་དང་བསྟུན་ཏེ་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་ཡོད་པ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཁོངས་ཀྱི་འཇང་ལུས་གྲོང་ཚོའི་དྲང་སྲོང་སྡེ་བའི་མི་མང་གིས། རྒྱན་གོས་ཆེད་དུ་ཉེས་མེད་རི་སྐྱེས་སྲོག་ཆགས་མང་པོ་དམར་གསོད་གཏོང་བའི་ཡུལ་སྲོལ་ངན་པ་གཏན་འགོག་ཆེད། ཁྱིམ་ཚང་སོ་སོ་ནས་མ་སྐུལ་དང་བླངས་ཀྱིས་ཝ་ཞྭ་དང་སྟག་ལྤགས་གཟིག་ལྤགས་སོགས་མི་མང་འདུ་འཛོམས་སར་འཁྱེར་ཡོང་སྟེ་མེར་བསྲེགས་བཏང་ཡོད་འདུག

ད་ལོའི་ཕྱི་ཟླ་དང་པོའི་ཚེས་ ༡༦ ཉིན་ནས་བཟུང་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ ཐེངས་གསུམ་པ་དེ་འཚོགས་སྐབས་བོད་རིགས་ཚོགས་མི་ཁག་ཅིག་གིས་སྟག་གཟིག་དང་ཝ་སྲམ་སོགས་ཀྱི་ལྤགས་རིགས་རྒྱན་གོས་གྱོན་ཡོད་པར། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་སྟེང་བགྲོ་གླེང་མང་དུ་བྱས་པ་རེད། རྒྱ་ནག་གཞུང་འབྲེལ་དྲ་ཚིགས་ཁག་ཅིག་ཏུའང་རྒྱལ་ཁབ་ཀྱི་སྲིད་གྲོས་འཐུས་མི་ཚོས་རྒྱ་ནག་གི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་དག་གི་པགས་པ་གྱོན་ན་འགྲིག་གི་ཡོད་མེད་ཀྱི་དཔྱད་གཏམ་བཀོད་པ་རེད།།

ཕྱི་ལོ་༢༠༠༦ ཟླ་༡ པོར་དུས་འཁོར་དབང་ཆེན་སྐབས་བོད་ནས་ཕེབས་པའི་གསུང་ཆོས་ཞུ་མཁན་མང་པོ་ལ་དམིགས་ཏེ་ྋགོང་ས་མཆོག་གིས་བཀའ་སློབ་བསྩལ་དོན་ལ། ད་ལྟ་ཁྱོད་རང་ཚོ་བོད་ནས་གསར་པ་འབྱོར་སྡོད་མཁན་ཚོ་ལ་ཆེད་མངགས་ལབ་རྒྱུ་ཞིག་ལ། རྒྱན་ཆ་ལ་དང་འདོད་བྱེད་རྒྱུ་དང༌། སྟག་གཟིག་གི་པགས་པས་གྱོན་ཆས་བཟོ་རྒྱུ་དེ་ཚོ་ལྐུག་པས་ལྐུག་རྟགས་སྟོན་གྱི་ཡོད་པ་རེད། བོད་པའི་མཚན་ཤས་དང་ངོ་ཚ་དགོས་པ་ཞིག་རེད། རྒྱན་ཆ་དེ་ནང་གི་རྒྱན་ཆ་དགོས་པ་རེད། ཆོས་ཡོན་ཏན་གྱི་ཤེས་ཚད་ཡོད་ན་དེ་རྒྱན་ཆ་རེད། ནང་ལ་ཡོན་ཏན་གང་ཡང་མེད་པ་ཞིག་ལ་གྲི་ཞིག་བཏགས། སྟག་ལྤགས་དང༌། གཟིག་ལྤགས། སྲམ་ལྤགས་བཅས་མང་པོ་ཞིག་གྱོན་ནས་ལྷ་འབབ་རྒྱུ་ཡོད་པའི་བཟོ་འདྲ་ཞིག་བྱེད་ཀྱི་འདུག འོ་ན་ལྷ་ཡག་པོ་ཞིག་ཕེབས་དང༌། དེ་ཆོ་ཁྱོན་ནས་མི་འདུག དེ་འདྲ་བྱེད་རྒྱུ་ཡོད་པ་མ་རེད། སྐབས་རེ་ས་གནས་ཀྱི་ལས་བྱེད་བྱབ་ཆུང་དེ་འདྲས་ཀྱག་ཀྱག་བྱས་ནས་ཁྱོད་ཚོས་ཡོད་ཚད་གོན་ཤོག་ཨ་ཞེས་བརྗོད་དུས། བོད་པ་བྱབ་ཆུང་རེ་ཟུང་གིས་དེ་ཡིན་ཤག་བྱས་ནས་འདྲ་མི་འདྲ་སྣ་ཚོགས་ཤིག་གྱོན། དེ་འདྲ་བྱེད་ཀྱི་ཡོད་པ་འདྲ། དེ་ཚོ་ངོ་ཚ་དགོས་པ་ཞིག་རེད། ཁྱེད་ཚོས་རྒྱལ་བ་རིན་པོ་ཆེ་ངོ་ཚ་ནས་བསྡད་འདུག་ཅེས་ལབ་ཤོག་ཨ་”ཅེས་སོགས་བཀའ་སློབ་བསྩལ་གནང་ཡོད་པ་རེད།།

༧གོང་ས་མཆོག་གི་བཀའ་སློབ་འདི་ལ་བརྟེན་ནས་ཕྱི་ལོ་༢༠༠༦་གི་ཟླ་གཉིས་པ་ནས་བཟུང་སྟེ་བོད་མདོ་ཁམས་གཉིས་སུ་ལྤགས་རིགས་ཀྱི་རྒྱན་ཆ་དེ་དག་མེར་སྲེག་བཏང་སྟེ། དེ་རིགས་མཚམས་འཇོག་དང་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ལས་འགུལ་རབ་དང་རིམ་པ་ཞིག་བྱུང་བ་རེད།།

XS
SM
MD
LG