ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་རྒྱ་གར་དང་ས་མཚམས་འགྲིགས་འཇགས་ལམ་གསེང་ཡོང་ཐབས་མེད་ཅེས་བཤད་འདུག


རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་རིང་མིན་རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷི་མཆོག་རྒྱ་ནག་ལ་འཚམས་གཟིགས་ཕེབས་རྒྱུའི་སྔོན་དེར་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་རྩོད་རྙོག་ལ་ཐག་གཅོད་ཐུབ་པའི་གྲུབ་འབྲས་ཡོང་རྒྱུའི་རེ་བ་གནང་ཡོད་ནའང་། རེས་གཟའ་མིག་དམར་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་གསར་ཤོག་གྷོལོབྷལ་ ཀྲཱིམས་ཞེས་པའི་ནང་རྒྱ་ནག་གི་དམག་དོན་འཐབ་བྱུས་ལ་མཁས་པ་ཡིན་ཟེར་བའི་གནད་ཡོད་མི་སྣ་གཅིག་གིས་རྩོམ་ཡིག་གཅིག་སྤེལ་པའི་ནང་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་ལ་རྒྱ་ནག་ཕྱོགས་ནས་གུ་བཤང་གང་ཡང་བྱེད་རྩིས་མེད་པ་དང་། རྒྱ་གར་ཕྱོགས་ནས་ཨ་རུ་ནལ་ཅལ་མངའ་སྡེའི་གནད་དོན་ཐོག་གུ་བཤང་མ་བྱས་པ་ཡིན་ན་ས་མཚམས་རྩོད་རྙོག་སེལ་ཐབས་ལ་གཏན་ནས་མེད་ཅེས་བཤད་འདུག རྒྱ་ནག་གི་ཐབས་བྱུས་གནད་དོན་ལ་མཁས་པ་ལན་ ཆིན་ཤུའི་ཡིས་མུ་མཐུད་བརྗོད་དོན་ཁྲིམས་འགལ་ཅན་གྱི་མེཀ་མོ་ཧན་ས་ཐིག་ཅེས་པ་དེ་ནི་ས་མཚམས་རྩོད་གཞིའི་རྨང་གཞི་དེ་ཡིན་པ་དང་། ས་ཐིག་དེ་ལ་རྒྱ་ནག་གིས་གཏན་ནས་ངོས་ལེན་བྱས་མེད་པ་དང་། གལ་སྲིད་གནད་དོན་དེར་རྒྱ་གར་གྱིས་གུ་བཤང་དང་བཟོ་བཅོས་མ་བྱས་པ་ཡིན་ན་ཕྱོགས་གཉིས་དབར་ས་མཚམས་ཀྱི་གནད་དོན་ཐོག་མོས་མཐུན་འགྲིགས་འཇགས་ཡོང་གི་མ་རེད་ཅེས་འགྲེལ་བརྗོད་བྱས་འདུག ལན་ཆིན་ཤུའི་ནི་རྒྱ་གར་ནང་རྒྱ་ནག་གི་གཞུང་ཚབ་ཆེ་མོ་བྱེད་མྱོང་ཡོད་མཁན་ཞིག་ཡིན་པ་དང་། རྒྱ་གར་དང་རྒྱ་ནག་གི་འབྲེལ་བའི་གནད་དོན་ཐོག་མཁས་པ་ཞིག་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG