ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སུད་སིའི་གྲོང་ཁྱེར་བྷ་སེལ་ནང་༧གོང་ས་མཆོག་གི་ཆོས་འབྲེལ་ལེགས་གྲུབ་བྱུང་བ།


སུད་སིའི་གྲོང་ཁྱེར་བྷ་སལ་ནང་སུད་སི་ཁུལ་གྱི་བོད་མི་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་སྐུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་ཀྱི་ཆོས་འབྲེལ་གྲུབ་རྗེས་རེས་གཟའ་ཉི་མའི་སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་གནང་མཛད་འདུག་པ་དང་། བཀའ་དབང་དབུ་འཛུགས་མ་གནང་གོང་དེར་བྱང་ཆུབ་སེམས་འགྲེལ་གྱི་བཤད་ལུང་འཕྲོས་སྐྱོང་གནང་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱན་རས་གཟིགས་ཀྱི་དབང་གི་ཆོ་ག་དེ་༧གོང་ས་ལྔ་པ་ཆེན་པོར་དག་སྣང་དུ་བྱུང་བ་ཞིག་ཡིན་པས་བོད་མི་དང་དམིགས་བསལ་ལས་འབྲེལ་ཡོད་པ་ཞིག་ཡིན་པ་དང་། གསང་སྔགས་ཀྱི་ཆོས་ཉམས་ལེན་བྱེད་པར་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་ཀྱི་ཉམས་ལེན་སྔོན་དུ་འགྲོ་དགོས་ཞེས་གསུངས་འདུག མཇུག་ཏུ་སུད་སི་ཁུལ་བོད་མི་གཙོ་བོར་གྱུར་བ་རྣམས་ལ་ཚོར་ཉིན་གཉིས་ཀྱི་ཆོས་འབྲེལ་ལེགས་པར་གྲུབ་ཟིན་པ་དང་། འཇམ་དབྱངས་མཁྱེན་རྩེ་དབང་པོས་མཛད་པའི་རྒྱུན་འཁྱེར་ཆོ་ག་ཞིག་ཡོད་པ་དེ་སྐབས་སྐབས་ལ་འདོན་ཐུབ་ན་ཕན་ཐོགས་ཆེ་བ་དང་། རྒྱུན་དུ་ཉམས་ལེན་བྱ་རྒྱུ་ནི་སྟོང་ཉིད་ཀྱི་ལྟ་བ་སྒོམ་རྒྱུ་དང་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱ་རྒྱུ་ལས་གལ་ཆེ་བ་ཞིག་གཞན་གང་ཡང་མེད་པས་དེའི་ཐོག་འབད་བརྩོན་བྱེད་དགོས་ཞེས་བཀའ་གནང་འདུག དེ་ཉིན་ཕྱི་དྲོ་བོད་མི་ཁེ་གཙང་ལ་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་རེད།

XS
SM
MD
LG