ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མཚོ་སྔོན་དུ་སྒེར་གཉེར་སློབ་གྲྭ་ཞིག་སྒོ་རྒྱག་དགོས་པའི་བཀའ་བཏང་བ།


༄༅།།མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་དུ་དགེ་རྒན་གཡང་མོ་སྐྱིད་ལགས་ཀྱིས་སྒེར་གྱི་ཚོང་ཁང་ཆུང་ཆུང་གི་ཡོང་འབབ་ལ་བརྟེན་ནས་ཚུགས་པའི་སྒེར་གཉེར་སློབ་གྲྭ་དེ་ས་གནས་གཞུང་གིས་སྒོ་རྒྱག་དགོས་པའི་བཀའ་ཕབ་ཡོད།།

དེ་ཡང་ཞུན་ཧྭ་ཤེས་རིག་སློབ་གསོ་ལས་ཁུངས་ཀྱིས་ཕྱི་ཟླ་དང་པོའི་ཚེས་༡༤་ཉིན་སྤེལ་བའི་བརྡ་ཐོའི་ནང་གཡང་མོ་སྐྱིད་ཀྱི་སློབ་གྲྭ་དེ་ནི་སྲིད་གཞུང་དང་ཤེས་རིག་ལས་ཁུངས་ཀྱི་ཆོག་མཆན་མེད་པར་སྒོ་ཕྱེ་བ་ཞིག་ཡིན་པ་དང་། དེ་ནི་ཁྲིམས་འགལ་གྱི་སློབ་གྲྭ་གཉེར་བར་ངོས་འཛིན་བྱེད་པ་ཡིན། བརྡ་ཐོ་འདི་འབྱོར་བའི་ཉིན་མོ་ནས་བཟུང་སློབ་གྲྭ་དེ་མཚམས་འཇོག་བྱས་ནས་སློབ་ཕྲུག་རྣམས་ཐག་ཉེའི་གྲོང་སྡེའི་ནང་གི་གཞུང་གཉེར་སློབ་ཆུང་ལ་རྩིས་སྤྲོད་བྱེད་དགོས་ཤིང་། ཁྱིམ་བདག་རྣམས་ལའང་ཕྲུ་གུ་རྣམས་ལོ་སར་གྱི་རྗེས་སུ་སློབ་གྲྭ་དེ་རུ་བསྐྱལ་དགོས་པའི་བརྡ་གཏོང་དགོས། དེ་ལྟར་མ་བྱས་ཚེ་མཇུག་འབྲས་ཚང་མ་ཁྱོད་ཀྱིས་འགན་འཁུར་དགོས་ཞེས་བཀོད་ཡོད་པ་རེད།།

གཡང་མོ་སྐྱིད་ལགས་ཀྱིས་གཞུང་གི་སློབ་གྲྭ་མེད་སའི་གྲོང་གསེབ་ཅིག་ཏུ་སློབ་མ་ཉི་ཤུ་ལྷག་ལ་དགེ་རྒན་གཞན་འགའ་གླས་ནས་མཉམ་དུ་བོད་ཡིག་དང་། རྒྱ་ཡིག རྩིས་རིག་སོགས་ཁྲིད་བཞིན་པ་དང་། དགེ་རྒན་དེ་དག་གི་གླ་ཆ་ནི་སྒེར་གཉེར་ཚོང་ཁང་གི་ཁེ་ཕོགས་ནས་ཐོན་ཀི་ཡོད།། ཀྲུང་གོའི་བོད་ལྗོངས་དྲ་བ་རུ་སློབ་གྲྭ་འདིའི་ཐད་གནས་ཚུལ་བཀོད་པ་ལྟར་ན། སློབ་གྲྭ་འདི་སྒོ་བརྒྱབ་ཚེ་སློབ་ཉི་ཤུ་རྩ་བཞི་བོ་ནི་སྤྱི་ལེ་ཉི་ཤུ་ལྷག་ཡོད་པའི་ས་ཆ་གཞན་དུ་སློབ་གྲྭར་འགྲོ་དགོས་པ་དང་། གནམ་གཤིས་སོགས་ཀྱིས་དཀའ་ལས་ཤིན་ཏུ་ཆེ་ཟེར། །

ཕྱི་ཟླ་དང་པོའི་ཚེས་༢༦་ཉིན་ཀྲུང་གོའི་བོད་ལྗོངས་དྲ་བའི་སྟེང་ཚབ་ཁྲིད་དགེ་རྒན་གྱི“ཁྲིམས་འགལ”སློབ་སྒྲུབ་དཀའ་ཁག་སྲིད་གཞུང་གིས་སེལ་དགོས་ཞེས་ཁ་བྱང་ལ་བཀོད་པའི་རྩོམ་ཡིག་ནང་། རིམ་པ་དང་ས་ཁུལ་སོ་སོས"ངེས་པར་དགོས་པའི"སློབ་གྲྭའམ་སློབ་སྒྲུབ་ས་ཚིགས་ག་ཚོད་བསྐྱར་གསོ་བྱས་ཡོད་དམ། དེ་འབྲེལ་གཞི་གྲངས་མི་རྙེད་པས་དངོས་ཡོད་གནས་ཚུལ་གང་འདྲ་ཡིན་མིན་རྟོགས་མི་ ཐུབ་ནའང་། དཀའ་ཚེགས་ཆེན་པོས"ཁྲིམས་འགལ"སློབ་ སྒྲུབ་ས་ཚིགས་སྐྱོང་མཁན་ཚབ་ཁྲིད་དགེ་རྒན་གཡང་མོ་སྐྱིད་ལྟ་བུའི་དཀའ་ངལ་སེལ་ ཅི་ཐུབ་བྱ་དགོས། རིམ་པ་སོ་སོའི་སློབ་གསོའི་གཙོ་འགན་སྡེ་ཁག་ཚང་མས་གནད་དོན་ལེགས་པོར་ཐག་གཅོད་རྒྱུ་དང་ཕྲུ་གུ་ཚང་མའི་སློབ་གསོ་མྱོང་དབང་ལ་བརྩི་བཀུར་གྱི་རྣམ་འགྱུར་ཡོད་ཆོག་ཆོག་ཡིན་ལ། དངོས་ཐོག་བདེན་འཚོལ་གྱིས"ངེས་པར་དགོས་པའི"སློབ་གྲྭའམ་སློབ་སྒྲུབ་ས་ཚིགས་བསྐྱར་གསོ་བྱེད་དགོས་ཤིང་། འདི་དགོས་གལ་ཤིན་ཏུ་ཆེ་ཞེས་དཔྱད་གཏམ་པ་ཞིག་གིས་དཔྱད་གཏམ་བརྗོད་ཡོད།།

XS
SM
MD
LG