ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྐུ་ཕུང་སྲུང་སྐྱོབ་པར་མེ་མདའ་ཕོག་འདུག


སྤྱི་ཟླ་བཅུ་གཉིས་པའི་ཚེས་༢༣་ཉིན་བོད་མདོ་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་ཏེ་སྐུ་གྲོངས་པར། ཉ་མཚོ་དགོན་པའི་དགེ་འདུན་པ་ཚོས་སྐུ་ཕུང་སྲུང་སྐྱོབ་ཀྱི་འབད་བརྩོན་གནང་སྐབས། རྒྱུན་ཏུ་རྟའུ་ཉ་མཚོ་དགོན་པའི་འཁྲིས་སུ་ཡོད་པའི་ལྟ་སྲུང་ལས་ཁུངས་ཀྱི་དམག་མི་ཚོས་དྲག་ཆས་སྤྲས་ཏེ། སྐུ་ཕུང་སྲུང་སྐྱོབ་བྱེད་མཁན་དགེ་འདུན་པ་ཚོའི་སྟེང་མེ་མདའ་བརྒྱབ་པ་དང་། གློག་གཡུག་གིས་ཉེས་རྡུང་བཏང་བ། དེ་བཞིན་དྲན་པ་འཐོར་བྱེད་ཀྱི་རྫས་ལྷང་གཏོར་བ་སོགས་ཀྱི་གནས་ཚུལ་བྱུང་འདུག། རྟའུ་ས་ཁུལ་དུ་དྲ་རྒྱ་དང་ཁ་པར་སོགས་དམ་དྲག་བྱེད་པའི་རྐྱེན་གྱིས་ཁ་ས་དུས་ཐོག་ཏུ་གནས་ཚུལ་འབྱོར་ཐུབ་མེད་ཅིང། དེ་རིང་འདི་ག་རླུང་འཕྲིན་ཁང་ལ་དགེ་འདུན་པ་ལོ་ཆུང་ཞིག་གི་དཔུང་པར་མེ་མདའ་ཕོག་སྟེ་ཁྲག་འཐོན་བཞིན་པ་དང་དེ་བཞིན་དགེ་འདུན་པ་གཞན་ཁག་ཅིག་ལ་རྨས་སྐྱོན་བྱུང་ཡོད་པ་སོགས་ཀྱི་འདྲ་པར་དང་བཅས་གནས་ཚུལ་འབྱོར་བྱུང་།

གནས་ཚུལ་མཁོ་འདོན་པས་ངོ་སྤྲོད་བྱས་དོན་ལྟར་ན། ཁ་ས་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་སྐབས། དགོན་པའི་དགེ་འདུན་པ་ཚོས་སྐུ་ཕུང་རྒྱ་ནག་གི་ལག་ཏུ་མི་ཤོར་བ་དང་དགོན་པར་གདན་འདྲེན་གྱི་འབད་བརྩོན་བྱེད་པའི། དམག་མིས་དྲག་གནོན་བྱས་ཏེ་མཐའ་མར་རྒྱ་གཞུང་གི་བདེ་ འཇགས་མི་སྣས་སྐུ་ཕུང་བཙན་འཕྲོག་བྱས་ཏེ་དར་རྩེ་མདོ་རུ་ཁྱེར་བ་དང་། དེ་གར་ཉེན་རྟོག་ལས་ཁུངས་སུ་གློག་ཆས་བེད་སྤྱོད་བྱས་ཏེ་སྐུ་ཕུང་ཞུགས་འབུལ་ཞུས་ཏེ། སྐལ་བཟང་ཡེ་ཤེས་ཀྱི་ནང་མི་གཉིས་ཙམ་ལ་མེ་མདའི་འོག་ནས་རུས་ཐལ་རྒྱུགས་ཆུའི་ནང་གཏོར་དུ་བཅུག་འདུག ད་ལྟ་ལག་པར་མེ་མདའ་ཕོག་པའི་དགེ་འདུན་པ་དེ་གཙོ་བྱས་པའི་རྨས་སྐྱོན་ཕོག་པའི་རྨས་མ་ཚོ་ཚད་ལྡན་སྨན་ཁང་ནང་དུ་སྨན་བཅོས་བྱེད་པར་བསྐྱོད་པ་ཡིན་ན་འཛིན་བཟུང་བྱེད་པའི་ཞེད་སྣང་སྐྱེ་བཞིན་ཡོད་པས་ས་གནས་མང་ཚོགས་དངངས་སྐྲག་གི་ངང་གནས་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་སྔོན་རྟའུ་ནས་རང་ལུས་མེར་བསྲེགས་གནང་མཁན་ཨ་ནེ་དཔལ་ལྡན་ཆོས་མཚོ་ཡི་དགོན་པའི་བཙུན་མ་ཚོ་ཉ་མཚོ་དགོན་པར་བསྔོ་སྨོན་ཞུ་བར་བཅར་སྐབས། དམག་མིས་བཙུན་མ་ཚོའི་མདུན་བཀག་ཏསྟེ་ཉ་མཚོ་དགོན་པར་ཕེབས་པར་བཀག་འགོག་བྱས་ཡོད་འདུག དེ་བཞིན་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་སྐབས་དམག་མིས་དྲག་གནོན་བྱུང་བའི་སྐོར་དང་སྐུ་ཕུང་སྲུང་སྐྱོབ་པ་ཚོར་དྲག་གནོན་བྱུང་ཏེ་རྨས་སྐྱོན་ཤོར་བ་སོགས་དེ་རིང་གཞི་ནས་གནས་ཚུལ་ཕྱི་ལ་ཐོན་པ་འདི་ཡིས་རྟའུ་ས་ཆར་དམ་དྲག་ཆེན་པོ་ཡོད་པ་མཚོན་ཐུབ་ཀྱི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་པས་ངོ་སྤྲོད་གནང་སོང་།།

XS
SM
MD
LG