ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མགོ་ལོག་ཏུ་གཞོན་སྐྱེས་ཤིག་དམར་གསོད་དང་སློབ་གསོ་བ་ཞིག་རྗེས་སུ་དྲན་པ།


ཕྱི་ཟླ་༡༢་ཚེས་༡༥་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་དུ། བོད་ཀྱི་ཤེས་ཡོན་སློབ་གསོ་དང་། ཚིག་མཛོད་རྩོམ་སྒྲིག སྤྱི་ཚོགས་གནད་དོན་ཐད་ལ་ལེགས་སྐྱེས་ཆེན་པོ་འབུལ་མཁན་དགེ་རྒན་དམ་པ་བཀྲ་ཤིས་ཚེ་རིང་ལགས་ཀྱི་མཛད་པའི་ཐད་བགྲོ་གླེང་ཞུས་པ་དང་། དེའི་སྔོན་ལ་མགོ་ལོག་དར་ལག་རྫོང་དུ་རྒྱ་གཞུང་ཉེན་རྟོག་པས་བོད་པ་སློབ་ཕྲུག་ཅིག་ལ་གཅར་རྡུང་བཏང་སྟེ་བསད་པའི་གནས་ཚུལ་ངོ་སྤྲོད་ཞུས་པ་ཡིན།།

ཕྱི་ཟླ་བཅུ་གཉིས་པའི་ཚེས་ ༡༠ ཉིན་མགོ་ལོག་ཁུལ་དར་ལག་རྫོང་སྟག་ཐོག་ཡུལ་ཚོའི་རུ་ཆེན་གསུམ་པའི་སློབ་མ་ཀར་མེ་ཟེར་བ་ཞིག་ལ་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་དྲག་པོ་བཏང་སྟེ་བསད་ཡོད་འདུག

དེ་ཡང་མགོ་ལོག་ཁུལ་དར་ལག་རྫོང་གི་མགོ་ཁྲིད་ཚོས། སྟག་ཐོག་ཡུལ་ཚོའི་ཡུལ་དཔོན་འོས་འདེམས་ཀྱི་ཚོགས་འདུ་བསྡུས་ཡོད་པ་དང་། སྐབས་དེར་མང་ཚོགས་ཀྱིས་བཀྲ་ཤིས་ཟེར་བའི་བོད་མི་ཞིག་ལ་འོས་བླུགས་ཡོད་ཀྱང་། སྲིད་གཞུང་གིས་དེ་ལ་མོས་མཐུན་མ་བྱས་པར་ངེས་པར་དུ་རྒྱ་མི་ཞིག་འདེམས་དགོས་པའི་བཀའ་རྒྱ་བཏང་བར་བརྟེན། ཕྱོགས་གཉིས་བར་ཁ་རྩོད་ཤོར་བར་བརྟེན། ཡུལ་དཔོན་འོས་མི་བཀྲ་ཤིས་དང་བློ་སྐལ། གངས་དགའ། གངས་རྡོ་ཕ་བུ་གསུམ་སོགས་བོད་མི་ ༡༣ འཛིན་བཟུང་བྱས་ཏེ་རྫོང་ཐོག་ཏུ་འདྲི་གཅོད་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ཚེས་ ༡༠ ཉིན་སྟག་ཐོག་ཡུལ་ཚོའི་སློབ་མ་ཀར་མེ་ཟེར་བ་ཞིག་ལ་ཉེན་རྟོག་པས་གཅར་རྡུང་དྲག་པོ་བཏང་སྟེ་ཕྱི་ཚེས་ ༡༡ ཉིན་རྫོང་སྨན་ཁང་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག

ཕ་ཡུལ་གླེང་སྟེགས་ཀྱི་ཚན་པ་གཉིས་པར་དགེ་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱི་རང་རྣམ་ཕ་ཡུལ་གྱི་ཕན་བདེའི་ཆེད་དུ་ཞེས་པ་དབྱིན་ཡིག་ནས་བོད་ཡིག་ཏུ་ལོ་ཙཱ་བྱེད་མཁན་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ནས་དགེ་རྒན་དམ་པ་བཀྲ་ཤིས་ཚེ་རིང་ལགས་ཀྱི་མཛད་པའི་ཐད་བགྲོ་གླེང་ཞུས་པ་ཡིན། སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ནི་༡༩༢༩་ལོར་གཙང་རྣམ་གླིང་རྫོང་དུ་སྐུ་འཁྲུངས་པ་དང་། ༡༩༥༧་ལོར་རྒྱ་གར་དུ་ཚོང་རྒྱག་པར་ཕེབས་ཤིང་། དེ་ནས་ཨ་རིར་སློབ་གཉེར་གནང་སྟེ་༡༩༦༤་ལོར་ཕྱིར་བོད་དུ་ཕེབས་པ་རེད། ཟང་ཟིང་གི་སྤྱི་ཚོགས་ཁྲོད་རྒྱ་ནག་གི་བཙོན་ཁང་དུ་ལོ་དྲུག་རིང་དཀའ་ལས་མྱངས་པ་དང་། ༡༩༧༣་ལོར་གློད་གྲོལ་ཐོབ་པ་རེད། ལོ་རབས་བརྒྱད་བཅུ་བའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་དབྱིན་ཡིག་གསབ་སྦྱོང་འཛིན་གྲྭ་ཚུགས་ཤིང་། ཡུལ་སྐོར་སྣེ་ཤན་པ་དང་མགྲོན་ཁང་གི་འཛིན་སྐྱོང་གཉེར། ཡོང་འབབ་དེ་ལ་བརྟེན་ནས་ལོ་རབས་དགུ་བཅུ་བའི་ནང་ཕ་ཡུལ་དུ་སློབ་གྲྭ་མང་པོ་གསར་རྒྱག་བྱས་པ་རེད།།

XS
SM
MD
LG