ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གླུ་བ་དང་གློག་བརྙན་སྒྲིག་བཟོ་བ་པདྨ་རིག་འཛིན་ལ་ཁྲིམས་ཆད།


ཕ་ཡུལ་གླེང་སྟེགས་ནང་མདོ་སྨད་རྔ་བའི་གླུ་བ་དང་གློག་བརྙན་སྒྲིག་བཟོ་བ་པདྨ་རིག་འཛིན་ལགས་ལ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གཞས་དང་བརྙན་ཕབ་སྐྲུན་བྱས་པའི་ནག་ཉེས་བཙུགས་ནས་ལོ་གཉིས་དང་ཕྱེད་ཀར་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་ཐད་བཞུགས་སྒར་དྷ་རམ་ས་ལ་ནས་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་གདན་འདྲེན་སྒོས་བགྲོ་གླེང་ཞུས་ཡོད།།

ཀ་ཉག་ཚེ་རིང་ལགས་ཀྱིས་གསུངས་དོན་ལྟར་ན། པདྨ་རིག་འཛིན་ལགས་ལ་ཕྱི་ཟླ་༡༡་ཚེས་༢༧་ཉིན་ཁྲིན་ཏུའུ་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞིག་ཏུ་ཁྲིམས་བཤེར་བྱས་ཏེ་ལོ་གཉིས་དང་ཕྱེད་ཀར་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། དེའི་སྟེང་ལ་རྒྱ་སྒོར་ལྔ་ཁྲི་ཡི་ཆད་པ་བཅད་འདུག ཁོང་ནི་ཕྱི་ལོ་༢༠༡༣་ཟླ་༥་ཚེས་༧་ཉིན་ཁྲིན་ཏུའུ་རུ་འཛིན་བཟུང་བྱས་པ་དང་། ད་རག་བར་བཀག་ཉར་བྱས་ཏེ་གཞི་ནས་ཁྲིམས་བཤེར་བྱས་པ་རེད།། ཁྲིམས་བཤེར་གྱི་སྔོན་ཏག་ཏག་ལ་ནང་མིར་ཁྲིམས་བཤེར་བྱ་རྒྱུའི་བརྡ་བཏང་ཡོད་པ་དང་། ཡིན་ནའང་པདྨ་རིག་འཛིན་ལགས་དང་ཡང་ན་ཁོང་གི་ནང་མིར་ཁྲིམས་རྩོད་པ་གླ་བའི་གོ་སྐབས་དང་ཐོབ་ཐང་སྤྲད་ཡོད་མེད་ད་ལྟའི་ཆར་ཤེས་རྟོགས་གསལ་བོ་མེད། །

པདྨ་རིག་འཛིན་ལགས་ཀྱི་གངས་ལྗོངས་དྲན་གླུ་སོགས་ནི་ཕྱི་ལོ་༡༩༨༢་ལོར་སྐད་གྲགས་ཆགས་ཡོད་པ་དང་། གླུ་གཞས་སྒྲ་ཐག་དང་འོད་སྡེར་ཁག་ཅིག་བཏོན་ཡོད། ཕྱི་ལོ་༢༠༠༨་ཙམ་ནས་གླུ་གཞས་གཏོང་མཚམས་བཞག་སྟེ་ཁྲིན་ཏུའུ་གྲོང་ཁྱེར་དུ་གློག་བརྙན་སྒྲིག་བཟོ་ཁང་ཞིག་ཚུགས་ནས། བོད་ཀྱི་གླུ་བ་གླུ་མ་མང་པོ་ཞིག་གི་གླུ་གཞས་ཀྱི་འོད་སྡེར་སྒྲིག་བཟོ་བྱས་ཡོད།།

ལོ་ན་༤༤་ལ་སོན་པའི་པདྨ་རིག་འཛིན་ལགས་ནི་མདོ་སྨད་རྔ་བ་རྫོང་རྨེ་རུ་མ་ཡུལ་ཚོ་ནས་ཡིན་ཞིང་། ཆུང་དུས་རྔ་བ་རྫོང་གནམ་མཚོ་དགོན་པ་རུ་གྲྭ་བ་བྱས་ཏེ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུའང་སློབ་གཉེར་གནང་མྱོང་། ཕྱིས་སུ་སྐྱ་སར་བབས་ཏེ་གཉེན་སྒྲིག་བྱས་ནས་བུ་གཉིས་དང་བུ་མོ་གཉིས་ཡོད་པ་རེད།།

XS
SM
MD
LG