ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༢༦

སྲིད་འཛིན་ཨཽ་བྷ་མ་འབར་མ་འམ་མིཡྣ་མར་ལ་ཕེབས་རྒྱུའི་གྲ་སྒྲིག་གནང་གི་ཡོད་པ།


ཨ་མི་རི་ཀི་སྲིད་འཛིན་སྐུ་ཞབས་བྷ་རག་ཨཽ་བྷ་མ། ཟླ་བ་རྗེས་མ་འབར་མ་འམ་ མིཡྣ་མར་ལ། ཤར་ཨེ་ཤི་ཡ་མངའ་ཁུལ་གྱི་ཡུལ་གྲུ་ཁག་གི་ཆེས་མཐོའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཤིག་ལ་ཚོགས་ཞུགས་གནང་རྒྱུའི་ཆེད་དུ་ཕེབས་རྒྱུའི་འཆར་གཞི་ཡོད་ཅིང་། དེ་ནི་སྲིད་འཛིན་མཆོག་དེ་གར་ཕེབས་ཐེངས་གཉིས་པ་དེ་ཆགས་རྒྱུ་རེད། དེ་སྔ་སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོར། སྐུ་ཞབས་ཨཽ་བྷ་མ་མཆོག་གིས་ཡུལ་དེར་རྒྱལ་དོན་འཚམས་འདྲི་གནང་ཡོད་པ་དེ་ནི། འདས་པའི་ལོ་དྲུག་ཅུའི་ནང་ཨ་མི་རི་ཀའི་སྲིད་འཛིན་ལས་ཐོག་ཅིག་གིས་མི་ཡྣ་མར་ཡུལ་ལ་འཚམས་འདྲི་གནང་བ་ཐོག་མ་དེ་ཡིན་པ་སོགས་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཏུ་གྱུར་ཡོད། ཡིན་ནའང་ ད་རེས་ཀྱི་འཚམས་འདྲི་འདི་ནི། དེ་དང་མི་འདྲ་བར། ཡུལ་དེའི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་སོགས་གནད་དོན་མང་པོ་ཞིག་ལ་བརྟེན་ནས། ཨ་མི་རི་ཀ་དང་མི་ཡྣ་མར་གཞུང་གི་འབྲེལ་བ་ཡང་དཀའ་ངལ་ཅན་ཞིག་ཏུ་གྱུར་བའི་སྐབས་འདིར་བྱུང་བ་ཞིག་ཆགས་རྒྱུ་རེད། དེ་འདྲ་སོང་ཙང་། ད་རེས་སྲིད་འཛིན་ཨཽ་བྷ་མཆོག་གིས་མི་ཡྣ་མར་གཞུང་གི་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་བའི་སྐབས། འགྲོ་བ་མིིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་སྒོ་ཡར་རྒྱས་གཏོང་དགོས་པ་དང་། ཆབ་སྲིད་འགྱུར་བཅོས་ཀྱི་ལས་དོན་ཁག་ལག་བསྟར་མུ་མཐུད་བྱ་དགོས་པའི་སྐུལ་མ་ནན་པོ་གནང་རྒྱུ་ཡིན་པ་ཉམས་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG