ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གར་གྱི་མངའ་སྡེའི་འོས་བསྡུའི་ནང་བྷི་ཇེ་པི་རྒྱལ་ཁ་ཐོབ་པ།


རྒྱ་གར་གྱི་གཞུང་འཛིན་བྷི་ཇེ་པི་སྲིད་དོན་ཚོགས་པར་མངའ་སྡེ་ཆེ་ཁག་གཉིས་ཀྱི་གྲོས་ཚོགས་འོས་བསྡུའི་ནང་རྒྱལ་ཁ་ཤུགས་ཆེར་ཐོབ་ནས་སྲིད་བློན་ན་རེན་ཌྲ་ མོ་དྷིས་རྒྱ་གར་གྱི་དཔལ་འབྱོར་ཉམས་གསོའི་སྲིད་བྱུས་ལ་་གཞི་རྒྱ་ཆེ་བའི་རྒྱབ་གཉེར་ཐོབ་འདུག་པ་དང་། དེ་ཡང་མ་ཧ་རཤ་ཏྲ་དང་ཧ་རི་ཡ་ན་མངའ་སྡེ་གཉིས་ཀྱི་འོས་ཤོག་གྲངས་བཤེར་ཟིན་ཏེ་གྲུབ་འབྲས་ཕྱིར་བསྒྲགས་བྱས་པའི་ནང་སྲིད་བློན་ན་རེན་ཌྲ་ མོ་དྷིའི་སྲིད་དོན་ཚོགས་པར་རྒྱལ་ཁ་ཤུགས་ཆེར་ཐོབ་ནས་མངའ་སྡེའི་གཞུང་འཛིན་བྱེད་ཐུབ་པའི་གནས་སྟངས་ཆགས་འདུག་པ་དང་། ད་བར་མངའ་སྡེ་དེ་གཉིས་ཀྱི་གཞུང་འཛིན་ཀོང་རེས་སྲིད་དོན་ཚོགས་པ་དང་དེའི་མཐུན་ཕྱོགས་མནའ་འབྲེལ་ཚོགས་པས་བྱས་ཡོད་ནའང་། ད་ལམ་གྱི་འོས་བསྡུར་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་རེད། ཀོང་རེས་སྲིད་དོན་ཚོགས་པའི་དབུ་ཁྲིད་ལྕམ་སི་ནི་ཡ་ གྷན་དྷི་དང་ར་ཧུལ་གྷན་དྷི་གཉིས་ཀས་འོས་བསྡུའི་ནང་ཀོང་རེས་སྲིད་དོན་ཚོགས་པར་ཕམ་ཉེས་ལ་ངོས་ལེན་གནང་བ་དང་ཆབས་ཅིག མང་ཚོགས་ཀྱིས་མངོན་འདོད་ལ་གུས་བསྐུར་ཞུ་རྒྱུ་ཡིན་ཞེས་གསུངས་ནས་བྷི་ཇེ་པི་སྲིད་དོན་ཚོགས་པར་འཚམས་འདྲི་གནང་འདུག་པ་དང་། མ་ཧ་རཤ་ཏྲ་མངའ་སྡེའི་ནང་གྲོས་ཚོགས་འཐུས་མི་ཁྱོན་བསྡོམས་ ༢༨༨ ཡོད་པའི་ཁོངས་ནས་བྷི་ཇེ་པི་ལ་འཐུས་མི་གྲངས་ ༡༢༤ འདེམས་ཐོན་བྱུང་འདུག་པ་དང་། ཧ་རི་ཡ་ན་མངའ་སྡེའི་གྲོས་ཚོགས་ནང་འཐུས་མི་གྲངས་ ༩༠ ཡོད་པའི་ཁོངས་ནས་བྷི་ཇེ་པི་ཚོགས་པར་འཐུས་མི་༤༧ འདེམས་ཐོན་བྱུང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG