ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཁོ་བྷ་ཎི་གྲོང་རྡལ་གྱི་བཞི་ཆའི་གཅིག་ཁ་ཆེ་དྲག་སྤྱོད་པས་བཙན་བཟུང་།


ཉེ་བའི་བདུན་ཕྲག་འགའ་ཞིག་གི་རིང་ལ་སི་རི་ཡའི་ས་མཚམས་ཀྱི་ཁོ་བྷ་ཎི་གྲོང་རྡལ་ལ་ཁ་ཆེ་དྲག་སྤྱོད་པ་ཚོས་དཔུང་འཇུག་བྱས་ཏེ། གྲོང་རྡལ་དེའི་ཀུར་དི་མི་རིགས་ཀྱི་ཡུལ་དམག་གིས་ཁ་ཆེ་དྲག་སྤྱོད་པ་ཚོར་འགོག་རྒོལ་དྲག་པོ་བྱས་ཡོད་ཅིང་། ད་ལྟ་གྲོང་རྡལ་དེའི་གསུམ་ཆའི་གཅིག་ཁ་ཆེ་དྲག་སྤྱོད་པའི་དབང་སྒྱུར་འོག་ཏུ་ཚུད་པས། ཏུར་ཀིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་ཏུ་ཀུ་དི་མི་རིགས་སྟོང་ཕྲག་མང་པོས་ཏུར་ཀིའི གཞུང་ལ་ངོ་རྒོལ་བྱས་པ་དང་། ཁོ་ཚོས་ཏུར་ཀིའི་དམག་གིས་ས་མཚམས་ཕར་ཕྱོགས་ཀྱི་ཁ་ཆེ་དྲག་སྤྱོད་པ་ཚོར་ཕར་རྒོལ་བྱ་དགོས། ཁོ་བྷ་ཎི་གྲོང་རྡལ་གྱི་ཀུར་དི་མི་རིགས་ལ་སྲུང་སྐྱོབ་བྱ་དགོས་ཞེས་ཁྲོམ་སྐོར་བྱས་ཏེ། ཏུར་ཀིའི་ཉེན་རྟོག་པ་དང་འཁྲུག་རྩོད་བྱུང་ནས་མི་༢༠་ལྷག་ལ་སྲོག་སྐྱོན་བྱུང་བ་དང་། དབྱིན་ཇིའི་རྒྱལ་ས་ལོན་ཌོན་ན་ཡོད་པའི་སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གནས་ཚུལ་སྤེལ་པ་ལྟར་ན། སི་རི་ཡའི་ནང་འཁྲུག་གི་སྐབས་སུ་ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་གསར་འཛུགས་པ་ཟེར་པའི་དྲག་སྤྱོད་པ་ཚོར་སྟོབས་ཤུགས་ཡོད། དྲག་སྤྱོད་རུང་ཚོགས་དེས་ཁོ་བྷ་ཎི་གྲོང་རྡལ་གྱི་ཤར་ཕྱོགས་དང་བྱང་ཤར་ས་ཁུལ་བཅས་གྲོང་རྡལ་དེའི་ས་ཁྱོན་བཞི་ཆའི་གསུམ་ལ་དབང་སྒྱུར་བྱས་འདུག་ཅེས་བཤད་ཀྱང་། ཀུར་དི་མི་རིགས་ཀྱི་ཡུལ་དམག་གི་བཀོད་འདོམས་པ་ཚོས་གྲོང་རྡལ་དེའི་བཞི་ཆའི་གཅིག་ཁ་ཆེ་དྲག་སྤྱོད་པའི་དབང་སྒྱུར་འོག་ཏུ་ཤོར་སོང་ཞེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྣེ་ཚོས་ཁོ་བྷ་ཎི་གྲོང་རྡལ་དུ་ཡུལ་མི་བརྒྱ་ཕྲག་འགའ་ཞིག་ལས་ལྷག་མེད་པ་དང་། ས་གནས་དེའི་ཡུལ་དམག་གིས་ཁོ་བྷ་ཎི་གྲོང་རྡལ་ལ་སྲུང་སྐྱོབ་བྱ་མ་ཐུབ་ཚེ། ཁ་ཆེ་དྲག་སྤྱོད་པ་ཚོས་གྲོང་རྡལ་དེར་དབང་སྒྱུར་བྱས་ནས་མི་མང་སྟོང་ཕྲག་མང་པོ་སྡེབ་གསོད་བྱ་སྲིད་པའི་ཉེན་ཀ་འདུག་ཅེས་ཉེན་བརྡ་བཏང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG