ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༣/༡༦

ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁ་སང་སྤྱི་ཟླ་༡༢་པའི་ཚེས༣་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དབྱིན་ཡུལ་དུ་འཚོགས་བཞིན་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འདུར་མཉམ་ཞུགས་གནང་བའི་སྐབས་སུ་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་དེ་ལོ་རྗེས་མའི་ཨ་རིའི་སྲིད་འཛིན་འོས་བསྡུའི་རྗེས་ལ་མ་གཏོགས་ལེགས་གྲུབ་འབྱུང་ཐུབ་རྒྱུ་མ་རེད་ཅེས་བཤད། ཉེ་བའི་བདུན་ཕྲག་ཁ་ཤས་ཀྱི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་གྲོས་མོལ་བ་ཚོས་གྲོས་བསྡུར་ལན་མང་བྱས་ནས་གྲོས་གཞི་ཕལ་ཆེ་བར་གྲོས་མཐུན་བྱུང་སྟེ་མིང་རྟགས་འགོད་རྒྱུ་གཅིག་པུ་ལུས་ཡོད་པའི་འགྲེལ་བཤད་བརྒྱབ་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་གློ་བུར་དུ་ང་ལ་མཚོན་ན་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་འགྲིག་མཐུན་ཡོང་ཐུབ་དགོས་པའི་དུས་བཅད་མེད། ཕྱོགས་གཅིག་ནས་ཚོང་དོན་གྲོས་མོལ་ལོ་རྗེས་མའི་ཨ་རིའི་སྲིད་འཛིན་འོས་བསྡུའི་རྗེས་ལ་ཕར་འགྱངས་བྱས་ན་བསམ་ཡོད། རྒྱ་ནག་ལ་མཚོན་ན་གང་མགྱོགས་ཚོང་ལས་གྲོས་མཐུན་ཞིག་འཇོག་རྒྱུའི་རེ་བ་འཆང་འདུག ང་ཚོའི་གྲོས་མཐུན་དེ་ང་ཚོ་ལ་འཚམས་པོ་ཡོད་མེད་ཞིབ་བརྟག་བྱ་དགོས། དངོས་ཡོད་ཀྱི་ཐོག་ཏུ་ང་ཚོར་འཚམས་པོ་ཡོད་ན་གཞི་ནས་གྲོས་མཐུན་འཇོག་ཆོག་ཅེས་བཤད་འདུག

ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་ཡིག་གཏན་འབེབས་བྱུང་བར་སྲིད་འཛིན་གྱིས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་མེད་ལ་མ་བལྟས་པར་ཁྲིམས་གཞི་དེར་མཚན་རྟགས་བཀོད། ད་ལྟ་ཁྲིམས་གཞི་དེ་དངོས་སུ་ཨ་རིའི་ཁྲིམས་ལ་གྱུར་ཡོད་པས་ཨ་རི་དང་རྒྱ་ནག་གི་འགལ་ཟླ་དེ་ཛ་དྲག་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅིང་། རྒྱ་ནག་གཞུང་གིས་དེ་ལ་ཡ་ལན་སློག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་དང་། ཁ་སང་སྤྱི་ཚེས་༣་ཉིན་གྱི་དགོང་མོར་ཨ་རིའི་གྲོས་ཚོགས་འོག་མས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ཞེས་པའི་ཁྲིམས་གཞི་ཞིག་གཏན་འབེབས་བྱུང་། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་བཞིན་པར་སྐྱོན་བརྗོད་བྱས་པ་དང་། ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་མཁན་གྱི་དཔོན་རིགས་ཚོར་ཨ་རིས་ཉེས་ཆད་གཅོད་དགོས་པའི་རེ་འདུན་བཏོན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་སྲིད་གཞུང་བཅས་ཀྱིས་ཧོང་ཀོང་གི་ཁྲིམས་ཡིག་གཏན་འབེབས་བྱུང་བའི་རྗེས་སུ་བསྐྱར་དུ་རྒྱ་ནག་ལ་འབྲེལ་བ་ཡོད་པའི་ཞིན་ཅང་གི་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱེད་ཀྱི་ཡོད་པར་བརྟེན། ཉམས་ཞིབ་པ་ཚོས་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ལེགས་གྲུབ་ཡོང་ཐུབ་རྒྱུ་ཁག་པོ་ཡིན་པའི་ངོས་འཛིན་བྱེད་བཞིན་འདུག

ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ལ་སྲིད་འཛིན་གྱིས་གཏམ་བཤད་བྱས་པའི་སྟབས་ཀྱིས་ཕྱི་ཚེས་༣་ཉིན་ཨ་རིའི་མ་རྐང་ཁྲོམ་ར་མང་ཆེ་བ་ཞིག་གློ་བུར་དུ་མར་ཆག་ཡོད་པ་རེད། ཌོ་ནལ་ཊམ་གྱིས་ངས་སྲིད་འཛིན་གྱི་ལས་ཁུར་བླངས་པའི་རྗེས་སུ་ཨ་རིའི་མ་རྐང་ཁྲོམ་ར་འཕེལ་རྒྱས་བྱུང་ཡོད། ཨ་རི་ལ་ཁེ་ཕན་ཆེན་པོ་ཐོབ་ཡོད། རྒྱ་ནག་ལ་ཚོང་ལས་གྲོས་མཐུན་ཞིག་འཇོག་རྒྱུ་དེ་ལ་བསྡུར་ན་ཁ་སང་མ་རྐང་ཁྲོམ་ར་མར་ཆག་པ་ནི་གནས་ཚུལ་ཆུང་ཆུང་ཞིག་རེད་བཤད། གལ་ཏེ་རྒྱལ་ཁབ་གཉིས་ཀྱི་ཚོང་ལས་གྲོས་མཐུན་ཞིག་འཇོག་མ་ཐུབ་པ་ཡིན་ན་ཟླ་བ་འདིའི་སྤྱི་ཚེས་༡༥་ནས་ཨ་རིའི་གཞུང་གིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ཁག་ཅིག་ལ་བསྐྱར་དུ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞིང་། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་ཨ་རིས་སྔར་བཞིན་མུ་མཐུད་དུ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་བཞིན་འདུག རྒྱལ་ཁབ་གཉིས་ཀྱི་ཚོང་དོན་གྲོས་མོལ་དེ་ཕྱིར་འགྱངས་བྱ་འཆར་ཡོད་ཀྱང་རྒྱ་ནག་གི་ལངས་ཕྱོགས་ལ་ཤུགས་རྐྱེན་ཅི་ཡང་སྤྲོད་མི་ཐུབ། རྒྱ་ནག་གིས་རྒྱུན་རིང་པོར་དམིགས་ཏེ་གྲ་སྒྲིག་སྡུག་ས་ནས་བྱས་ཡོད་ཅེས་གནས་ཚུལ་སྤེལ། རྒྱ་ནག་གཞུང་གིས་ཨ་མི་རི་ཀར་ཕྱོགས་གཉིས་ཀྱི་ཚོང་ལས་གྲོས་མཐུན་ཞིག་འཇོག་འདོད་ཡོད་ཚེ། ད་སྔར་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཟིན་པ་རྣམས་ཕྱིར་འཐེན་བྱ་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།

XS
SM
MD
LG