ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་ཨ་རིའི་ནོར་སྲིད་དྲུང་ཆེ་དང་ཚོང་དོན་དྲུང་ཆེ། ཕོ་བྲང་དཀར་བོའི་སྲིད་འཛིན་གྱི་ཚོང་དོན་སློབ་སྟོན་པ་གཙོས་ཚོང་དོན་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག ལ་ཕེབས་ནས་ཉི་མ་གཉིས་ལ་ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་གནད་དོན་སྤྱི་དང་། ལྷག་པར་དུ་ཨ་རི་དང་རྒྱ་ནག་གི་ཉོ་ཚོང་གི་སྒོ་ཁྲལ་སྤར་གཅོག་གི་གནད་དོན་དང་རྒྱ་ནག་གིས་ཨ་རིའི་རིག་དངོས་བདག་དབང་ལ་བརྩི་སྲུང་བྱ་དགོས་པ། ཉེ་ཆར་ཨ་རིའི་རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་ཆེ་ཤོས་སྟེ། ཀྲུང་ཞིན་བཟོ་ཚོང་ཁང་ལ་ཉེས་ཆད་བཅད་ནས་ལོ་བདུན་གྱི་རིང་ལ་ཨ་རིས་བཟོས་པའི་བརྡ་འཕྲིན་གྱི་ལྷུ་ལག་ཁག་ཉོ་ཚོང་བྱ་མི་ཆོག་པའི་ཐག་གཅོད་བཅས་ལ་བགྲོ་གླེང་ལྷུག་པོ་བྱས་ཏེ། དེ་རིང་སྤྱི་ཚེས་བཞི་ཉིན་ཨ་རི་དང་རྒྱ་ནག་གི་ཉོ་ཚོང་སྐོར་གྱི་བགྲོ་གླེང་མཇུག་བསྒྲིལ་ཡོད་ཅིང་། རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན་ཐེངས་འདིའི་ཉོ་ཚོང་སྐོར་གྱི་གྲོས་མོལ་བརྒྱུད་ནས་གནད་དོན་ཁ་ཤས་ལ་གྲོས་མཐུན་བྱུང་ཡང་ད་དུང་གནད་དོན་ཁག་ཅིག་ལ་ཕྱོགས་གཉིས་ཀྱི་ལངས་ཕྱོགས་མ་འདྲ་བའི་ཁྱད་པར་ཆེན་པོ་འདུག་ཅེས་བཀོད་འདུག རྒྱ་གཞུང་གི་གསར་འགྱུར་ནང་དུ་ཐེངས་འདིའི་གྲོས་བསྡུར་སྐབས་སུ་ཉོ་ཚོང་གི་རིགས་གང་དག་ལ་མཐུན་བྱུང་ཡོད་པ་ཁ་གསལ་བྱས་ནས་བརྗོད་མེད་ཀྱང་གཟའ་པ་སངས་ཉིན་གྱི་གྲོས་མོལ་འདི་ཕན་ཚུན་ལྷག་བསམ་རྣམ་དག་དང་གྲུབ་འབྲས་ལྡན་པ་ཞིག་བྱུང་སོང་། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་གནད་དོན་ལ་མུ་མཐུད་དུ་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་སོང་ཞེས་བརྗོད་ཡོད་པ་མ་ཟད། གྲོས་མོལ་མཇུག་བསྒྲིལ་སྐབས་དེར་ཨ་རིའི་ནོར་སྲིད་དྲུང་ཆེ་ནུའུ་ཆིན་གྱིས་ཀྱང་ཐེངས་འདིར་རྒྱ་ནག་གི་དཔོན་རིགས་ཚོར་ཐུག་འཕྲད་གྲོས་མོལ་གང་ལེགས་བྱུང་སོང་ཞེས་བརྗོད་མོད། ཡིན་ནའང་དབྱེ་ཞིབ་པ་ཁ་ཤས་ཀྱིས་གྲོས་མོལ་འདིར་མཉམ་ཞུགས་བྱེད་མཁན་གྱི་རྒྱ་ནག་གི་སྐུ་ཚབ་ཚོགས་པའི་གྲས་སུ་དཔལ་འབྱོར་དང་དངུལ་རྩའི་ལས་རིགས་ལ་རྒྱུས་མངའ་ཡོད་མཁན་རྐྱང་རྐྱང་ཡིན་པས་ཉོ་ཚོང་གི་སྐོར་ལ་ཉམས་མྱོང་མེད་པ་དང་། ཁྱད་པར་དུ་རྒྱལ་སྤྱིའི་ཉོ་ཚོང་གི་ཁྲིམས་ལ་རྒྱུས་མངའ་ཞིབ་ཕྲ་མེད་པ་སོགས་ཀྱིས་ཐེངས་འདིའི་གྲོས་མོལ་ནི་གྲ་སྒྲིག་མེད་པའི་གྲོས་མོལ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག ཐེངས་འདིའི་ཨ་རིའི་སྐུ་ཚབ་ཚོགས་པའི་གྲས་སུ་ཨ་རིའི་སྲིད་འཛིན་གྱི་ཚོང་དོན་སློབ་སྟོན་པ་སོགས་ཨ་རི་དང་རྒྱ་ནག་གི་ཚོང་ལས་ཆ་མཉམ་མིན་པར་རྒྱུན་དུ་རྒྱ་ནག་ལ་སྐྱོན་སྐྱོན་བརྗོད་བྱེད་མཁན་ཁག་ཅིག་ཀྱང་འདུས་ཡོད། ཨ་རི་དང་རྒྱ་ནག་གི་ཚོང་རྫས་ཕྱིར་གཏོང་དང་ནང་འདྲེན་ལ་ཧེ་བག་ཆེན་པོ་ཤོར་ཡོད་པས་སྒོ་ཁྲལ་སྤར་གཅོག་ལའང་ཁྱད་པར་ཆེན་པོ་ཡོད། ཨ་རིས་སྤྱི་ལོ་༢༠༡༧་ལོའི་སྤྱི་ཟླ་༨་པ་ནས་བཟུང་སྟེ་ཉོ་ཚོང་གི་ངོས་ནས་རྒྱ་ནག་ལ་དམིགས་བསལ་གྱིས་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས་ཏེ་༢༠༡༨་ལོའི་ཟླ་༣་པའི་ནང་དུ་ཨ་རིས་རྒྱ་ནག་ལ་ཨ་སྒོར་དུང་ཕྱུར་༥༠༠་ཐམ་པའི་ཚོང་རྫས་ཀྱི་སྒོ་ཁྲལ་སྤར་རྒྱུའི་གསལ་བསྒྲགས་སྤེལ་བས་ཨ་རི་དང་རྒྱ་ནག་གི་ཉོ་ཚོང་གི་འགལ་ཟླ་ཆེ་རུ་ཕྱིན་ཡོད། དེའི་རྗེས་སུ་རྒྱ་ནག་གིས་ཀྱང་ཡ་ལན་སློག་ནས་རྒྱ་ནག་གི་ཚོང་དོན་ལྷན་ཁང་དང་ཕྱི་འབྲེལ་ལྷན་ཁང་སོགས་ཀྱི་མགྲིན་དབྱངས་གཅིག་གྱུར་གྱིས་ཨ་རི་དང་ཉོ་ཚོང་གི་དམག་འཁྲུག་རྒྱག་རྒྱུའི་གྲ་སྒྲིག་ཨང་གསར་ཡིན་ཞེས་ཨ་རིའི་ཚོང་རྫས་ལ་འཕྲལ་དུ་སྒོ་ཁྲལ་སྤར་ནས་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་གི་གནས་སྟངས་རེ་ཞིག་ཛ་དྲག་ཅན་དུ་གྱུར་ཡོད། ཉེ་ཆར་སྤྱི་ཟླ་༤་པའི་ཚེས་༨་ཉིན་ཨ་རིས་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཊོས་ཊར་དྲ་རྒྱུའི་བརྒྱུད་ལམ་དུ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་གི་རྩོད་རྙོག་ཅི་འདྲ་ཞིག་ལ་གྱུར་ཀྱང་ང་དང་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ནམ་ཡང་གྲོགས་པོ་ཡིན་ཞེས་བསྔགས་པ་བརྗོད། དེ་ནས་བརྩིས་པའི་ཉིན་གཉིས་ཀྱི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཀྱང་ཉོ་ཚོང་སོགས་ཀྱི་ངོས་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་བྱ་རྒྱུ་སྔར་ལས་རྒྱ་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་པའི་གཏམ་བཤད་བྱས་ནས་གནས་སྐབས་རིང་ཨ་རིི་དང་རྒྱ་ནག་གི་ཉོ་ཚོང་འགལ་ཟླ་ཞི་འཇམ་ལྟ་བུར་གྱུར་ནས་གྲོས་མོལ་བྱེད་བཞིན་ཡོད་ཅིང་། ཞིབ་འཇུག་པ་ཁ་ཤས་ཀྱིས་ཨ་རི་དང་རྒྱ་ནག་གི་ཉོ་ཚོང་འགལ་ཟླ་འདིའི་རྩ་བ་ནི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ལམ་ལུགས་མི་འདྲ་བའི་འགལ་ཟླ་དང་རྩ་བའི་རིག་གཞུང་མི་འདྲ་བའི་འགལ་ཟླ། དེ་བཞིན་རང་དབང་ཅན་གྱི་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་དང་རྒྱལ་ཁབ་ཀྱིས་སྒེར་བདག་བྱས་པའི་དཔལ་འབྱོར་ལམ་ལུགས་སོགས་ཀྱི་རྩ་བའི་འགལ་ཟླ་ཁག་ལ་ཐུག་འདུག་ཅེས་འགྲེལ་བརྗོད་བྱེད་ཡོད་པ་རེད།།

XS
SM
MD
LG