ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིར་ཝུ་ཧན་གྱི་ནད་དུག་འགོས་པའི་མི་༥་རྩད་ཆོད་བྱུང་།


༄༅།། ཟླ་བ་སྔོན་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འགོས་ཁྱབ་བྱུང་བའི་རིམས་ནད་ཚབས་ཆེན་དེ་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་ལ་ཁྱབ་བཞིན་ཡོད་པ་སྟེ། ད་ལྟ་ཨ་མི་རི་ཀར་ཝུ་ཧན་གྱི་ནད་དུག་འགོས་ཡོད་པའི་མི་༥་ཡོད་པ་རྩད་གཅོད་བྱུང་། ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་ཝ་ཤིང་ཊོན་མངའ་སྡེར་སྐྱེས་པ་ལོ་ན་སུམ་ཅུ་སོ་གྲངས་ཅན་ཞིག་དང་ཨ་རིའི་ཆི་ཁ་གྷོ་གྲོང་ཁྱེར་དུ་བུད་མེད་ལོ་ན་དྲུག་ཅུ་རེ་གྲངས་སུ་སོན་པ་ཞིག ཨ་རིའི་ཁེ་ལི་ཧྥོ་ཎི་ཡ་མངའ་སྡེའི་ཨོ་རན་ཇཱི་རྫོང་དུ་སྐྱེས་པ་ལོ་ན་ལྔ་བཅུ་ང་གྲངས་སུ་སོན་པ་ཞིག་དང་ལོ་སི་ཨན་ཇཱི་ལི་སི་རྫོང་དུ་ནད་པ་ཞིག ཨ་མི་རི་ཀའི་ཨ་རི་ཛོ་ན་མངའ་སྡེའི་མི་ཞིག་བཅས་ཨ་རི་བ་༥་ལ་ཝུ་ཧན་གྱི་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཁོ་ཚོ་ཚང་མ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་སོང་ནས་འག་ནད་དེ་ཕོག་ཡོད་པའི་རྩད་གཅོད་ཐུབ་འདུག

ཨ་རིའི་ལོ་སི་ཨན་ཇཱི་ལི་སི་རྫོང་གི་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་བྷར་བྷ་ར་ཧྥེ་རེར་གྱིས་མི་གང་ཞིག་ལ་ཝུ་ཧན་གྱི་འགོས་ནད་ཚུད་པའི་རིམས་ནད་ཅི་ཞིག་ཕོག་ཀྱང་རང་ཉིད་ཁྱིམ་དུ་འཛུལ་ནས་ཕྱི་ལ་མི་འབུད་པ་དང་སྐྱེ་བོ་གཞན་ལ་མི་བགོ་བ། འདག་རྫས་བརྒྱབ་ནས་ལག་པ་གཙང་མ་བཀྲུ་དགོས་པ་དང་ཆུ་བཤལ་ལེགས་པར་གཏོང་དགོས། རིམས་ནད་སྔོན་འགོག་གི་ཁབ་རྒྱག་དགོས་ཞེས་མང་ཚོགས་ལ་ལམ་སྟོན་བྱས་འདུག ཨོ་རན་ཇཱི་རྫོང་གི་འཕྲོད་བསྟེན་ལྷན་ཁང་གིས་ཝུ་ཧན་ནད་དུག་ཕོག་པའི་ནད་པ་དེ་ཟུར་འགོག་བྱས་ནས་ས་གནས་ཀྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་དྲག་སྐྱེད་ཀྱང་འབྱུང་གི་འདུག་ཅེས་གསར་འགྱུར་སྤེལ། ཨ་མི་རི་ཀའི་དབུགཞུང་དང་མངའ་སྡེ་ཁག་གི་འཕྲོད་བསྟེན་ལས་སྣེ་ཚོས་ཨ་རིའི་སྤྱི་ཚོགས་སུ་ཝུ་ཧན་གྱི་རིམས་ནད་འགོས་ཡོད་སྲིད་པའམ། ཡང་ན་ནད་ཡམས་ཁྱབ་ས་དང་ནད་ཡམས་འབྱུང་སའི་ས་གནས་དེའི་མི་ལ་འབྲེལ་བ་བྱུང་ཡོད་སྲིད་པའི་ཨ་མི་རི་ཀ་བ་ཚོར་གཟབ་ནན་གྱི་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་མ་ཞའོ་ཝེས་ཝུ་ཧན་གྱི་འགོས་ནད་དེར་ནད་རྟགས་མ་ཐོན་པར་ནད་དུག་གོ་ཡི་འདུག་ཅེས་བསྒྲགས།་མི་རི་ཀའི་འཕྲོད་བསྟེན་མཁས་པ་སྨན་པ་ཝི་ལིམ་ཤཱེ་ཧྥ་ནར་ཞེས་པ་ཞིག་གིས་རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་གྱིས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་དེ་ཧ་ཅང་གི་ཚབས་ཆེན་ཞིག་རེད། དེང་སྐབས་ཨ་མི་རི་ཀར་ནད་དུག་སྔོན་འགོག་གི་ཆ་རྐྱེན་དང་ལག་རྩལ་ཡོད་པ་དེ་དག་གིས་རིམས་ནད་འདིར་གདོང་ལེན་བྱ་དཀའ། ངས་རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་གྱི་སྐད་ཆ་དེ་ཐོས་མ་ཐོག་ཏུ་འགོས་ནད་འདི་སྔོན་ཆད་ཚོད་དཔག་བྱས་པ་ལས་ཀྱང་ཉེན་ཚབས་ཆེ་བ་ཞིག་ཡིན་པ་ངོས་ཟིན་སོང་། གལ་སྲིད་མ་ཞའོ་ཝེས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་དེ་ངོ་མ་བདེན་པ་ཞིག་ལ་འགྱུར་ན་མི་ཞིག་ལ་རིམས་ནད་དེ་འགོས་ནས་དུས་ཡུན་བདུན་ཕྲག་གཉིས་ཕྱིན་ཀྱང་རང་ལ་ན་ཚ་ཕོག་ཡོད་པ་ཤེས་ཚོར་ཐུབ་རྒྱུ་དཀའ་མོ་རེད། དུས་ཡུན་བདུན་ཕྲག་གཉིས་ཀྱི་ནང་དུ་ནད་དུག་དེ་མི་གཞན་ལ་བགོ་ཐུབ་ཅེས་བཤད།

ཨ་རིའི་ནད་ཡམས་སྔོན་འགོག་ལས་ཁང་གི་སྨན་པ་ན་སི་མེ་སོན་ནེར་གྱིས་རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་མ་ཞའོ་ཝེའི་སྐད་ཆ་དེར་བདེན་ཁུངས་ཅི་ཙམ་ཡོད་མེད་དོགས་སློང་བྱེད་ཀྱི་ཡོད་ཅིང་། ཁོ་མོས་ང་ཚོ་ནད་ཡམས་སྔོན་འགོག་ཁང་ལ་ནད་རྟགས་མ་ཐོན་པར་མི་ལ་ནད་དུག་འགོ་ཡི་ཡོད་པའི་དཔང་རྟགས་གསལ་བོ་ཞིག་སྟོན་རྒྱུ་མེད། ཡིན་ནའང་ང་ཚོས་དེ་ལ་ཞིབ་འཇུག་གཟབ་ནན་བྱེད་བཞིན་ཡོད། ཨ་མི་རི་ཀ་བ་ཚོར་ཝུ་ཧན་གྱི་རིམས་ནད་འགོས་ནས་འཕྲོད་བསྟེན་དང་བདེ་ཐང་ལ་དཀའ་ངལ་ཚབས་ཆེན་ཞིག་འཕྲད་སྲིད་པའི་གོ་སྐབས་ཤིན་ཏུ་ཕྲ། ང་ཚོས་ཨ་མི་རི་ཀར་ནད་ཡམས་ཆེན་པོ་ཞིག་འབྱུང་སྲིད་པའི་གྲ་སྒྲིག་བྱ་དགོས། ཡིན་ནའང་དེ་ལྟར་དངོས་སུ་མི་འབྱུང་བའི་རེ་བ་ཡོད་ཅེས་བཤད་འདུག

ད་ལྟ་ཝུ་ཧན་ནད་དུག་གི་རྐྱེན་པས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་༨༡་ལ་སླེབས། ཝུ་ཧན་གྲོང་ཁྱེར་གྱི་མི་གྲངས་འབུམ་གཅིག་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་ཕོབ། ཧུ་པེ་ཞིང་ཆེན་གྱི་གྲོང་ཁྱེར་༡༧་ལ་སྐྱེལ་འདྲེན་དང་འགྲིམ་འགྲུལ་བཀག་ནས་ི་ས་ཡ་༥༠་ལྷག་ཟུར་དུ་བཀག སོག་ཡུལ་གྱི་གཞུང་གིས་རྒྱ་ནག་ལ་ས་མཚམས་སྒོ་བརྒྱབ་ནས་འགྲུལ་པ་བཀག་པ་དང་བལ་ཡུལ་གཞུང་གིས་ཀྱང་རྒྱལ་སྤྱིའི་གནམ་ཐང་དུ་གློ་ཚད་བརྟག་དཔྱད་བྱེད་འགོ་ཚུགས། ཨ་མི་རི་ཀའི་གཞུང་གིས་རང་གི་སྤྱི་དམངས་རྣམས་རྒྱ་ནག་ལ་འགྲུལ་བཞུད་བྱ་རྒྱུ་དེར་འཛམ་ཟོན་བྱ་དགོས་ཞེས་བརྡ་ཁྱབ་བཏང་ཡོད་པར་མ་ཟད། ཧོང་ཀོང་དང་མ་ལེ་ཤི་ཡ་སོགས་ཀྱིས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མི་ཆོག་ཅེས་བསྒྲགས། ཨ་མི་རི་ཀ་དང་ཧྥ་རན་སི་སོགས་ཀྱིས་གནམ་གྲུ་བཏང་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་འགགས་ཡོད་པའི་རང་གི་སྤྱི་དམངས་རྣམས་ཉེན་སྐྱོབ་བྱ་ཐབས་སུ་འབད། ད་སྔ་རྒྱ་ནག་གི་ཕྱི་ལོགས་སུ་ཝུ་ཧན་ནད་དུག་འགོས་ཡོད་པའི་མི་༤༠་ལས་མེད་ཅིང་། རྒྱ་ནག་གཞུང་གིས་ཝུ་ཧན་ནད་དུག་མགྱོགས་མྱུར་གྱིས་ཁྱབ་གདལ་འགྲོ་བཞིན་ཡོད་པས་རྒྱལ་ཡོངས་སུ་ཡུལ་སྐོར་སྤྲོད་འཆམ་པ་ཁྲིད་མི་ཆོག་ཅེས་ཁྱབ་བསྒྲགས་བྱས་ཏེ་དཔྱིད་གསར་དུས་ཆེན་སྐབས་སུ་རྒྱ་ནག་གི་ཚོང་ལས་ལ་གྱོང་གུད་ཆེན་པོ་ཕོག ཐ་ན་རྒྱ་ནག་གི་རིམས་ནད་འདིས་འཛམ་གླིང་གི་དཔལ་འབྱོར་ལའང་གནོད་སྐྱོན་འབྱུང་སྲིད་པའི་འཇིགས་སྣང་གིས་ཁ་སང་གཟའ་ཟླ་བའི་ཉིན་འཛམ་གླིང་ཁྱོན་ཡོངས་སུ་མ་རྐང་ཁྲོམ་ར་རྣམས་བརྒྱ་ཆ་མང་པོ་ཞིག་མར་ཆག་འདུག

ཨ་མི་རི་ཀར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་མི་༥་ཡོད་པ་རྩད་གཅོད་བྱུང་བའི་རྗེས་སུ་གྲོས་ཚོགས་གོང་མའི་འཐུས་མི་ཆཀ་ཤུ་མར་གྱིས་ཨ་རིའི་འཕྲོད་བསྟེན་ལྷན་ཁང་དང་ནད་ཡམས་སྔོན་འགོག་ལས་ཁང་། ཨ་རིའི་ལས་བྱེད་བདག་གཉེར་ཁང་བཅས་ལ་ཨ་སྒོར་ས་ཡ་༨༥་ཛ་དྲག་གི་རོགས་དངུལ་སྤྲོད་དགོས་པའི་གྲོས་གཞི་བཏོན། ཁོང་གིས་ཨ་སྒོར་ས་ཡ་༨༥་གྲོས་ཚོགས་ཀྱིས་ཆོག་མཆན་བཀོད་ནས་ཟུར་དུ་བཞག་ཡོད། ཨ་རིའི་ནད་ཡམས་སྔོན་ལས་ཁང་དང་ནད་ཡམས་གདོང་ལེན་ལས་ཁང་སོགས་ཀྱིས་འགྲོ་གྲོན་ཚུལ་བཞིན་གཏོང་དགོས། མི་མང་ལ་རིམས་ནད་དེའི་ངོ་བོ་འགྲེལ་བཤད་དང་གོ་རྟོགས་ལེགས་འཕེལ། ནད་རྟགས་ཅན་ལ་བརྟག་དཔྱད་དང་དགོས་ངེས་ཀྱི་ཆེད་ལས་པ་རྣམས་གྲ་སྒྲིག་བྱ་དགོས། ཨ་རིའི་རིམས་ནད་སྔོན་འགོག་ཁང་གིས་ནད་དུག་དེའི་ཁྱབ་གདལ་མྱུར་ཚད་ལ་གཞིགས་ནས་སྔོན་འགོག་གི་ལས་དོན་བསྒྲུབ་དགོས་ཞེས་ནན་བརྗོད་བྱས་འདུག ཨ་མི་རི་ཀའི་སྨན་པ་མཁས་པ་ཚོས་ཝུ་ཧན་གྱི་ཏོག་དབྱིབས་ནད་དུག་འདི་དུད་འགྲོ་སོགས་ནས་མི་ལ་འགོས་ཁྱབ་བྱུང་ཡོད་པ་སྟེ། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་མཚོ་ཟས་ཁྲོམ་ར་ཞིག་ཏུ་སེམས་ཅན་འདྲ་མིན་གྱི་ཤ་འཚོང་གི་ཡོད་པ་དེ་ནས་ནད་དུག་དེ་མི་ལ་འགོས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG