ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་ཧ་ཝ་དབྱིའི་གླིང་ཕྲན་ཁག་ལ་མེ་རི་འཕྱུར་པ།


༄༅།། ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་པའི་ཨ་རིའི་ཧ་ཝ་དབྱི་མངའ་སྡེར་ས་འགུལ་བརྒྱུགས་པའི་རྗེས་སུ་གླིང་ཕྲན་འགའ་ཞིག་ལ་མེ་རི་འཕྱུར་པ་དང་རྡོ་ཞུན་ཁོལ་མ་རླུགས་ནས་སྤང་ཐང་དང་ནགས་ཚལ། རྒྱ་ལམ་དང་མི་དམངས་ཀྱི་ཁང་པ་སོགས་ལ་གཏོར་སྐྱོན་ཆེན་པོ་འབྱུང་གི་ཡོད་པ་དང་། ཀི་ལོ་ཡ་གླིང་ཕྲན་ཐོག་ཏུ་ས་ཆ་མང་དག་ཅིག་སེར་ཀ་གས་ནས་ས་འོག་གི་རྡོ་ཞུན་ཁོལ་མ་རྣམས་ས་སྟེང་དུ་འཕྱུར་ནས་ཧ་ཝ་དབྱི་མངའ་སྡེའི་གཞུང་འབྲེལ་མི་སྣ་ཚོས་རྡོ་ཞུན་དེ་ཚོར་མེ་རིའི་གཏོར་ཆུ་ཞེས་མིང་བཏགས། ས་གནས་དེའི་ཡུལ་མི་ཁག་ཅིག་གིས་ས་འོག་ནས་རྡོ་ཞུན་འཕྱུར་པ་མེ་རིའི་ལྷ་མོ་ཁྲོས་པའི་རྟགས་མཚན་ཡིན། ད་ནི་མེ་རིའི་ལྷ་མོས་རང་གི་ས་ཆ་ཕྱིར་ལེན་བྱེད་ཀྱི་ཡོད་པའི་རྟགས་མཚན་རེད་ཅེས་འགྲེལ་བཤད་རྒྱག་གི་ཡོད་ཅིང་། ས་གནས་དེའི་ཡུལ་མི་རྣམས་མེ་རི་ཚབས་ཆེན་འཕྱུར་པའི་ཉེན་ཀ་དང་མིའི་བདེ་ཐང་ལ་གནོད་པའི་དུད་རླངས་འཁྲོད་དུ་ས་གནས་གཞན་ལ་གཡོལ་དུ་འགྲོ་དགོས་ཞེས་བརྡ་ཁྱབ་བཏང་འདུག ཁ་སང་གཟའ་ཉི་མའི་མཚམས་སུ་ཧ་ཝ་དབྱིའི་གླིང་ཕྲན་ཞིག་གི་ས་གནས་ཁག་བཅུ་ལ་ས་ཆ་སེར་ཀ་གས་ནས་མེ་རི་དང་རྡོ་ཞུན་ཁོལ་མ་འཕྱུར་ནས་ཉུང་མཐའ་ཡང་མི་མང་གི་ཁང་པ་༢༦་རྡོ་ཤུན་ཁོལ་མས་བསྣུབས་ཀྱང་ས་གནས་དེའི་གཞུང་འབྲེལ་མི་སྣ་ཚོས་མི་མང་གི་ཁང་ཁྱིམ་དང་དངོས་རྒྱུ་ཟོག་གསུམ་ལ་གཏོར་བཤིག་ཕོག་པའི་གྲངས་འབོར་ཇེ་མང་དུ་འགྲོ་སྲིད་ཅེས་ཉེན་བརྡ་གཏོང་གི་ཡོད། ཨ་མི་རི་ཀའི་མེ་རི་བརྟག་ཞིབ་པ་ཚོས་ཧ་ཝ་དབྱིའི་མེ་རི་དང་རྡོ་ཞུན་ཁོལ་མ་འཕྱུར་ས་རྣམས་གླིང་ཕྲན་དེའི་བྱང་ཤར་དང་ལྷོ་ནུབ་ཕྱོགས་ཀྱི་ས་ཆ་རྣམས་སེར་ཀ་གས་ནས་འཕྱུར་གྱི་ཡོད་མོད། འོན་ཀྱང་སེར་ཀ་ཁག་ཅིག་མཁྲེགས་པོར་འགྱུར་ན་སེར་ཀ་མཁྲེགས་པོར་མ་འགྱུར་བ་དེ་དག་གི་ནང་ནས་མེ་རི་དང་རྡོ་ཞུན་ཁོལ་མ་འཕྱུར་རྒྱུ་སྔར་ལས་ཤུགས་ཆེ་རུ་འགྲོ་སྲིད། དེ་ལྟར་བྱུང་ན་མེ་རི་ཁག་ཅིག་མཐོ་ཚད་ཧྥི་ཊི་༡༠༠༠་ཡས་མས་རེར་འཕྱུར་རྒྱུའི་ཉེན་ཀ་འདུག་ཅེས་བཤད་ཡོད་པ་རེད། ད་སྔ་མེ་རིའི་འཕྱུར་ཚད་ནི་ཧྥི་ཊི་༢༣༠་ཡས་མས་ལས་མེད་ཀྱང་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་མེ་རི་དང་རྡོ་ཞུན་ཁོལ་མ་འཕྱུར་སའི་ཉེ་འཁོར་གྱི་མི་མང་རྣམས་ངེས་པར་ས་གནས་གཞན་ལ་ཉེན་གཡོལ་དུ་འགྲོ་དགོས་ཞེས་སྐུལ་ལྕག་གཏོང་གི་ཡོད་ཀྱང་ས་དེའི་ཡུལ་མི་ཁག་ཅིག་གིས་ཧ་ཝ་དབྱིའི་ས་གནས་སུ་འཚོ་གནས་བྱ་དགོས་ན་མེ་རི་དང་རྡོ་ཞུན་ཁོལ་མ་འཕྱུར་པའི་རང་བྱུང་གི་གནོད་འཚེ་འདིར་གོམས་འདྲིས་འགྲོ་དགོས་ཞེས་བཤད་ཡོད། ཧ་ཝ་དབྱིའི་གཞུང་འབྲེལ་མི་སྣ་ཚོས་མེ་རི་འཕྱུར་པ་དང་རྡོ་ཞུན་ཁོལ་མ་འཕྱུར་གྱི་ཡོད་པ་དེས་མི་ལ་ཡ་མཚན་གྱི་ཚོར་བ་ཞིག་སྦྱིན་ནས་ལྟད་མོར་བལྟ་འདོད་ཡོད་པ་ང་ཚོས་རྒྱུས་ལོན་བྱ་ཐུབ། ཡིན་ནའང་མེ་རི་དང་རྡོ་ཞུན་ཁོལ་མ་ལས་བྱུང་བའི་དུ་བ་ནག་པོ་དང་དུད་རླངས་རྣམས་མིའི་བདེ་ཐང་ལ་གནོད་ཚབས་ཆེ་ཞེས་མི་མང་ལ་ཁ་ཏ་བྱེད་ཀྱི་ཡོད་ཀྱང་ཁྱིམ་ཚང་མང་པོ་ཞིག་གིས་རང་གི་ཁྱི་དང་ཞུམ་བུ་སོགས་ཉེན་སྐྱོབ་བྱེད་པར་རང་ཁྱིམ་དུ་ཕྱིར་ལོག་བྱ་དགོས་ཐུག་ཡོད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ནས་ཧ་ཝ་དབྱིའི་ས་གནས་ཁག་ཅིག་ལ་ས་འགུལ་བརྒྱུགས་པ་དང་ས་འོག་ཏུ་གཡོ་འཁྲུག་ཐེབས་ནས་མེ་རི་འཕྱུར་པ་དང་རྡོ་ཞུན་ཁོལ་མ་ཕྱིར་ལུག་རྒྱུ་འགོ་ཚུགས་ཡོད་པ་རེད། དེར་བརྟེན་ཧ་ཝ་དབྱི་མངའ་སྡེའི་མེ་རིའི་སྤྱི་གླིང་སྒོ་བརྒྱབ་ནས་ཉིན་ལྟར་ཡུལ་སྐོར་སྤྲོ་འཆམ་པ་དང་སྤྱི་གླིང་བདག་གཉེར་པ་བཅས་མི་༢༦༠༠་ཡས་མས་རེ་ཡོད་པ་རྣམས་སྤྱི་གླིང་ནས་ཕྱིར་འཐེན་བྱས་ཤིང་། མེ་རི་འཕྱུར་པ་དང་ས་འགུལ་བརྒྱུགས་པའི་སྟབས་ཀྱིས་ཧ་ཝ་དབྱི་མངའ་སྡེའི་སྤྱི་གླིང་དེའི་རི་ལམ་འགགས་པ་དང་ས་གནས་འགའ་ཤས་སུ་མཚོ་ནང་ནས་མེ་རི་འཕྱུར་གྱི་ཡོད་པས་སྤྱི་གླིང་བདག་གཉེར་པ་ཚོས་མི་མང་གི་བདེ་འཇགས་ཨང་དང་པོར་འཛིན་གྱི་ཡོད་ཅེས་འགྲེལ་བཤད་བྱས་འདུག

XS
SM
MD
LG