ཨ་རི་དང་རྒྱ་ནག་གི་བར་དུ་ཚོང་རྫས་ཀྱི་སྒོ་ཁྲལ་སྤར་གཅོག་གི་ཐད་ནས་འགལ་ཟླ་ཆེན་པོ་ཞིག་བྱུང་སྟེ་ཉེ་སྔོན་སྤྱི་ཟླ་བཞི་བའི་ཚེས་བཅུ་དྲུག་གི་ཉིན་ཨ་རིའི་དབུས་ཚོང་དོན་ལས་ཁུངས་ནས་གསལ་བསྒྲགས་སྤེལ་དེ། རྒྱ་ནག་གི་གློག་འཕྲིན་སྒྲིག་ཆས་ཀྱི་བཟོ་ཚོང་ཁང་ཆེས་ཤོས་ཨང་གཉིས་པ་སྟེ་ཀྲུང་ཞིན་བཟོ་ཚོང་ཁང་གིས་ཨ་རི་དང་མཉམ་དུ་བཞག་པའི་ཚོང་གི་གན་རྒྱ་རྩིས་མེད་བཏང་སྟེ་བྱང་ཁོ་རེ་ཡ་དང་ཨེས་རིན་ལ་ཁོ་ཚོས་བཟོས་པའི་གློག་ཆས་ཀྱི་རིགས་ཚོང་བསྒྱུར་བྱས་ཡོད་པས། ལོ་བདུན་གྱི་རིང་དུ་ཨ་རིས་བཟོས་པའི་གློག་ཆས་ཀྱི་ལྷུ་ལག་རིགས་ཉོ་ཚོང་བྱ་རྒྱུ་མཚམས་བཞག་ནས་རྒྱ་ནག་གི་བཟོི་ཚོང་ཁང་འདིར་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་ནའང་། དེ་རིང་སྤྱི་ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁོ་རང་སྒེར་གྱི་ཁྲོས་ཁྲིར་བརྒྱུད་ལམ་དུ་ངས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་དང་མཉམ་འབྲེལ་བྱས་ཏེ་རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་གཙོ་བོའི་གྲས་ཡིན་པའི་ཀྲུང་ཞིན་བཟོ་ཚོང་ཁང་གི་ལས་སྒོ་ཁག་བསྐྱར་གསོི་བྱ་རྒྱུ་ཡིན། དེའི་རྒྱུ་མཚན་ནི་རྒྱ་ནག་གི་མི་མང་པོ་ཞིག་གི་ལས་ཀ་ཤོར་གྱི་འདུག ངས་ཚོང་དོན་ལས་ཁུངས་ལའང་བྱ་བ་འདི་ལེགས་པོར་སྒྲུབ་དགོས་པའི་བཀོད་སྒྲིག་བྱས་ཡོད་ཅེས་བརྗོད་ཡོད་པ་དང་། གནས་ཚུལ་དེ་བཀོད་ནས་ཆུ་ཚོད་ལྔ་འགོར་བའི་རྗེས་ལ། ཡང་བསྐྱར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྩ་བའི་ཆ་ནས་རྒྱ་ནག་དང་ཨ་རི་གཉིས་ཀྱི་ཉོ་ཚོང་གི་མཉམ་ལས་ཧ་ཅང་ཡག་པོ་ཡོད། ཡིན་ནའང་འདས་པའི་ལོ་ངོ་མང་པོའི་རིང་གི་གྲོས་མོལ་མཐའ་དག་རྒྱ་ནག་གི་ཕྱོགས་སུ་འཁྱོག་ནས་ཡོད། དེ་བས་ད་ལྟ་རྒྱ་ནག་དང་མཉམ་དུ་རྒྱལ་ཁབ་གཉིས་བར་ཕན་ཚུན་གཉིས་ཕན་གྱི་གྲོས་མཐུན་ཞིག་ཡོང་རྒྱུ་ཧ་ཅང་ཁག་པོི་རེད་ཅེས་དང་། ཡིན་ནའང་གནད་དོན་ཡོད་ཚད་ཐག་གཅོད་བྱ་ཐུབ་ངེས་ཡིན་ཅེས་བརྗོད་འདུག ཟླ་སྔོན་མའི་ནང་ཨ་རིས་རྒྱ་ནག་གི་ཀྲུང་ཞིན་བཟོ་ཚོང་ཁང་ལ་ལྷུ་ལག་མི་བཙོང་རྒྱུའི་ཐག་གཅོད་བྱས་ནས་ཅང་མ་འགོར་བའི་རྗེས་སུ་བཟོ་ཚོང་ཁང་འདིའི་ལས་སྒོ་མང་པོ་ཞིག་མཚམས་འཇོག་བྱ་དགོས་བྱུང་བའི་གསལ་བསྒྲགས་སྤེལ་ཡོད་པ་རེད། དེ་སྔོན་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་ཚོང་རྫས་ལ་སྒོ་ཁྲལ་སྤར་རྒྱུའི་གསལ་བསྒྲགས་སྤེལ་བའི་རྗེས་ལ་རྒྱ་ནག་གཞུང་གིས་དེ་ལ་ཡ་ལན་སློག་ནས་དེ་མ་ཐག་ཨ་རིའི་ཚོང་རྫས་ཁག་ཅིག་སྒོ་ཁྲལ་སྤར་ནས་ལག་བསྟར་བྱས་ཤིང་དེའི་རྗེས་ལ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་གི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་ལ། དེར་མཐུད་ནས་ཨ་རིས་རྒྱ་ནག་གི་ཀྲུང་ཞིན་བཟོ་ཚོང་ཁང་ལ་བརྡ་འཕྲིན་གྱི་ལྷུ་ལག་མི་བཙོང་རྒྱུའི་ཉེས་ཆད་བཅད་པ་སོགས་བྱས་པས་རྒྱལ་ཁབ་ཕྱོགས་གཉིས་ནས་ཉོ་ཚོང་གི་ཐད་གྲོས་མོལ་མི་བྱེད་རང་བྱེད་ཆགས་ཤིང་། ཉེ་སྔོན་ཨ་རིའི་ཚོང་དོན་སྐོར་གྱི་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཏུ་བསྐྱོད་དེ་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་སྐོར་ལ་གྲོས་བསྡུར་བྱས་ཤིང་། ཁོ་ཚོའི་གྲོས་བསྡུར་གྱི་ནང་དོན་གཙོ་བོ་གཅིག་ནི་རྒྱ་ནག་གི་ཀྲུང་ཞིན་བཟོ་ཚོང་ཁང་ལ་ཨ་རིས་ཉེས་ཆད་བཅད་པའི་སྐོར་ཡིན་ཞིང་བདུན་ཕྲག་འདིའི་ནང་ཡང་བསྐྱར་ཚོང་དོན་སྐོར་ལ་གྲོས་མོལ་བྱ་འཆར་ཡོད་པ་རེད། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་བརྗོད་ན་ཨ་རིའི་སྲིད་འཛིན་ཁྲི་རོམ་ཕུ་ཡིས་ཁྲོས་ཁྲིར་གྱི་དྲ་རྒྱའི་བརྒྱུད་ལམ་དུ་ཀྲུང་ཞིན་བཟོ་ཚོང་ཁང་གི་སྐོར་འཁོད་ཡོད་པ་འདི་རྒྱལ་ཁབ་གཉིས་བར་གྱི་དཔལ་འབྱོར་དང་ཉོ་ཚོང་། མ་རྩ་གཏོང་བ་བཅས་ཀྱི་ཐད་ནས་རང་དབང་འདྲ་མཉམ་དང་། གཉིས་ཕན་ཡོང་རྒྱུར་མཚོན་ན་གལ་ཆེན་པོ་ཆགས་ཀྱི་ཡོད། སྲིད་འཛིན་ཁྲི་རོམ་ཕུ་ཡིས་ཀྲུང་ཞིན་བཟོ་ཚོང་ཁང་གི་གནད་དོན་འདི་ཚོང་དོན་དྲུང་ཆེན་རོ་སི་ཡིས་ཁྲིམས་ལྟར་རང་རྐྱ་ཐུབ་པའི་ངང་ཐག་གཅོད་བྱ་རྒྱུའི་རེ་བ་རྒྱག་གི་ཡོད་པ་སོགས་བརྗོད་ཡོད་ནའང་། ཐེངས་འདིར་ཨ་རིའི་ཚོང་དོན་ལས་ཁུངས་ཀྱི་ཐག་གཅོད་ལྟར་མ་སོང་བར་སྲིད་འཛིན་གྱིས་ཡང་བསྐྱར་རྒྱ་ནག་ལ་གུ་ཡངས་གཏོང་གི་ཡོད་པའི་བྱེད་སྟངས་འདིར་མི་མང་པོས་སྐྱོན་བརྗོད་བྱེད་ཀྱི་ཡོད་དེ། ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཨྰད་ཏེམ་ཞེ་ཧྥུ་ཡིས་བརྗོད་དོན་ལ། གསང་བའི་ལས་ཁུངས་ཁག་གིས་ནག་ཀྲུང་ཞིན་བཟོ་ཚོང་ཁང་གི་ཁ་པར་དང་བརྡ་འཕྲིན་ལག་རྩལ་གྱིས་ངཚོའི་དྲ་རྒྱའི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་པའི་ཉེན་བརྡ་ཡོད་པ་བཞིན། སྲིད་འཛིན་གྱིས་ཀྱང་རྒྱ་ནག་གི་ལས་བཟོ་བའི་ལས་ཀ་ཤོེར་རྒྱུར་སེམས་ཁྲལ་བྱེད་རྒྱུ་ལས་རང་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སེམས་ཁྲལ་བྱ་རྒྱུ་གལ་ཆེན་པོ་ཡིན་ཚུལ་བརྗོད་ཡོད་ཅིང་། ཡང་ཉམས་ཞིབ་པ་ཁ་ཤས་ཀྱིས་ཐེངས་འདིའི་ཨ་རིའི་སྲིད་འཛིན་གྱི་ཀྲུང་ཞིན་བཟོ་ཚོང་ཁང་སྐོར་གྱི་ཐག་གཅོད་ནི་ཨ་རི་དང་རྒྱ་ནག་བར་གྱི་ཉོ་ཚོང་སྐོར་གྱོ་གྲོས་མོལ་ལ་གྲུབ་འབྲས་ལེགས་པོ་ཞིག་ཐོབ་རྒྱུའི་མཐུན་གྲོགས་སུ་འགྱུར་སྲིད་པའི་ཚོད་དཔག་ཡང་བྱེད་ཀྱི་ཡོད། རྒྱ་ནག་གི་ཀྲུང་ཞིན་བཟོ་ཚོང་ཁང་ནི་ལས་བཟོ་བ་ཁྲི་བདུན་ཡོད་པའི་འཛམ་གླིང་སྟེང་གི་གློག་འཕྲིན་སྒྲིག་ཆས་ཀྱི་བཟོ་ཚོང་ཁང་ཆེ་ཤོས་ཡིན་པ་རེད།