ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་བ་རྣམས་ཕྱི་རྒྱལ་ལ་སྤོར་འདོད་ཡོད་པ།


༄༅།། ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོས་ཞིབ་འཇུག་བྱས་པ་ལྟར་ན་ཧོང་ཀོང་བ་གསུམ་རེའི་ནང་དུ་མི་རེ་ལ་ཕྱི་རྒྱལ་དུ་འགྲོ་ཐུབ་ན་གནས་སྤོར་བྱ་འདོད་ཡོད་པའི་ཞིབ་འཇུག་སྙན་ཐོ་ཞིག་ཐོན་འདུག ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོས་༢༠༡༧་ལོའི་ཕྱི་ཟླ་༩་ནང་དུ་ཧོང་ཀོང་མི་དམངས་རྣམས་རང་ཡུལ་དུ་གནས་སྡོད་བྱ་འདོད་ཡོད་མེད་འདྲི་ཞིབ་བྱས་པ་དང་། ༢༠༡༨་ལོར་འདྲི་ཞིབ་བྱས་པ་གཉིས་ལ་ཁྱད་པར་ཆེན་པོ་མེད་ཅིང་། ཧོང་ཀོང་བ་ཚོ་རང་ཡུལ་དུ་སྡོད་འདོད་མེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་མངའ་ཁུལ་དེའི་ཆབ་སྲིད་ལ་རྩོད་གླེང་ཆེན་པོ་ཡོད་པ་དང་སྤྱི་ཚོགས་དུམ་བུ་གཉིས་སུ་ཆད་པ། ས་གནས་མི་དམངས་ཀྱི་འཚོ་བའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་བཅས་རྒྱུ་རྐྱེན་འགའ་ཞིག་ལ་ཐུག་ཡོད་པ་རྩད་གཅོད་བྱུང་འདུག

ཧོང་ཀོང་བ་ཚོར་ས་གནས་དེའི་འཚོ་བའི་གནས་སྟངས་ཆེས་སྡུག་ཤོས་དེར་ཨང་ཀི་ཀླད་གོར་དང་ཆེས་ལེགས་ཤོས་དེར་ཨང་ཀི་༡༠༠་བར་དུ་ཨང་གྲངས་སྤྲོད་དགོས་ན་ཨང་གྲངས་ཅི་ཙམ་སྤྲོད་རྒྱུ་ཡིན་མིན་སྐད་ཆ་དྲིས་ཚེ། ཧོང་ཀོང་བ་སྐད་ཆ་འདྲི་ཡུལ་མི་ཕལ་ཆེ་བས་མངའ་ཁུལ་དེའི་མི་མང་གི་འཚོ་བའི་གནས་སྟངས་སྤྱི་ཡོངས་ཀྱི་ཆ་ནས་ཨང་གྲངས་༦༢་དང་གྲངས་ཆུང་༡་ཙམ་སྤྲོད་ཆོག་གི་འདུག་ཅེས་ལན་འདེབས་བྱས་པ་དེ་ལ་བལྟས་ཚེ། ཧོང་ཀོང་གི་འཚོ་བའི་གནས་སྟངས་ལ་འདོད་པ་མ་ཚིམས་པ་སྔ་ལོ་ལས་ཀྱང་ཇེ་མང་དུ་སོང་ཡོད་པ་ར་འཕྲོད། ན་ནིང་ཕྱི་ཟླ་༡༢་པའི་ཚེས་༡༡་ནས་ཚེས་༡༧་བར་དུ་ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོས་མི་མང་ལོ་ན་༡༨་ཡན་ཆད་ཀྱི་མི་༧༠༨་ལ་བཅར་འདྲི་ཞུས་པས་ཧོང་ཀོང་བ་ལན་འདེབས་བྱེད་མཁན་མི་གྲངས་བརྒྱ་ཆ་༣༤་ཡས་མས་ཤིག་གིས་རང་ཉིད་ཕྱི་རྒྱལ་ལ་འགྲོ་ཐུབ་ན་གནས་སྤོར་བྱ་འདོད་ཡོད་ཅེས་ལན་བཏབ། ཕྱི་རྒྱལ་ལ་སྤོར་འདོད་ཡོད་པ་དེ་དག་གི་གྲས་ཀྱི་མི་གྲངས་བརྒྱ་ཆ་༡༦་དང་གྲངས་ཉུང་༢་ཀྱིས་དངོས་སུ་ཕྱི་རྒྱལ་ལ་གནས་སྤོར་བྱ་རྒྱུའི་འཆར་འགོད་བྱ་རྒྱུ་འགོ་ཚུགས་ཟིན། སྔ་ལོ་ཧོང་ཀོང་གི་འཚོ་བའི་གནས་སྟངས་ལ་འདོད་བློ་མ་ཚིམས་པའི་མི་གྲངས་བརྒྱ་ཆ་༡༣་དང་གྲངས་ཆུང་༤་ལས་མེད་པ་རེད།།

ཕྱི་རྒྱལ་ལ་སྤོར་འདོད་ཡོད་མཁན་ཧོང་ཀོང་གི་མི་རབས་རྒན་གཞོན་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་སྟེ། ཧོང་ཀོང་གི་ན་གཞོན་མི་འབོར་ལོ་ན་༡༨་ནས་ལོ་ན་༣༠་བར་དུ་ཡོད་པ་དེ་དག་གི་མི་གྲངས་བརྒྱ་ཆ་༥༡་ལྷག་ཕྱི་རྒྱལ་ལ་གནས་སྤོར་བྱ་འདོད་ཡོད་པར་མ་ཟད། སློབ་ཆེན་ཐོན་པ་དང་མཐོ་རིམ་གྱི་ཤེས་ཡོན་སློབ་སྦྱོང་ཐོབ་པའི་ཧོང་ཀོང་བ་བརྒྱ་ཆ་༤༧་དང་གྲངས་ཆུང་༩་རྒྱལ་ཁབ་གཞན་ལ་གནས་སྤོར་བྱ་འདོད་ཡོད་པའི་ལན་འདེབས་བྱས་འདུག ཧོང་ཀོང་བ་རྣམས་གནས་སྤོར་བྱ་ཡུལ་གཙོ་བོ་གསུམ་ནི་ཁེ་ན་ཌར་འགྲོ་འདོད་ཡོད་མཁན་མི་གྲངས་བརྒྱ་ཆ་༡༩་མ་ཟིན་ཙམ་དང་ཨོ་གླིང་རྒྱལ་ཁབ་ལ་མི་གྲངས་བརྒྱ་ཆ་༡༨་ཙམ། ཐེ་ཝན་ལ་མི་གྲངས་བརྒྱ་ཆ་༡༡་དང་གྲངས་ཆུང་༣་བཅས་ཡོད་ཅིང་། ཁེ་ན་ཌ་དང་ཨོ་གླིང་རྒྱལ་ཁབ། ཐེ་ཝན་སོགས་ལ་གནས་སྤོར་བྱ་འདོད་ཡོད་པའི་རྒྱུ་རྐྱེན་གཙོ་བོ་རྣམས་ནི་རྒྱལ་ཁབ་དེ་དག་གི་གནས་ཁང་གུ་ཡངས་དང་སྡོད་གནས་རྒྱ་ཆེན་པོ་ཡོད་པ་འབའ་ཞིག་གི་དོན་དུ་གནས་སྤོར་བྱེད་ཀྱི་ཡོད་པ་མི་གྲངས་བརྒྱ་ཆ་༣༥་འདུག མཁའ་རླུང་གཙང་མ་དང་འབག་བཙོག་ཉུང་བ། རི་ལུང་སོགས་རང་བྱུང་ཁོར་ཡུག་མཛེས་སྡུག་ལྡན་པ་ཁོ་ནར་དམིགས་ནས་གནས་སྤོར་བྱེད་ཀྱི་ཡོད་པ་མི་གྲངས་བརྒྱ་ཆ་༢༢་ལྷག་འདུག རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་ཡོད་པར་བསམ་བློ་བཏང་ནས་གནས་སྤོར་བྱེད་ཀྱི་ཡོད་པ་མི་གྲངས་བརྒྱ་ཆ་༡༥་དང་ཕྱེད་ཀ་ལྷག་འདུག་ཅེས་བཀོད།།

ཧོང་ཀོང་ས་གནས་སུ་སྔར་བཞིན་གནས་སྡོད་བྱ་འདོད་ཡོད་མཁན་རྣམས་ནི་ཧོང་ཀོང་གི་འཚོ་བ་སྟབས་བདེ་ཡིན་པར་དམིགས་ནས་གནས་སྡོད་བྱེད་མཁན་མི་གྲངས་བརྒྱ་ཆ་༤༧་མ་ཟིན་ཙམ་ཡོད་ཅིང་། རྒྱ་མི་རིགས་ཀྱི་སྤྱི་ཚོགས་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་དང་སྤྱི་ཚོགས་ཀྱི་མཛའ་འབྲེལ་བཅས་ལ་དམིགས་ནས་ཧོང་ཀོང་ས་གནས་སུ་གནས་སྡོད་བྱ་འདོད་ཡོད་མཁན་མི་གྲངས་བརྒྱ་ཆ་༢༧་ལྷག་དང་། ཧོང་ཀོང་གི་རྨང་གཞིའི་འཛུགས་སྐྲུན་མཐུན་རྐྱེན་ཡག་པོ་འདུག་ཅེས་ས་གནས་དེར་འཚོ་བ་སྐྱེལ་འདོད་ཡོད་མཁན་མི་གྲངས་བརྒྱ་ཆ་༢༦་མ་ཟིན་ཙམ་ཞིག་འདུག ཧོང་ཀོང་བ་སྐད་ཆ་འདྲི་ཡུལ་མི་གྲངས་བརྒྱ་ཆ་༦་དང་གྲངས་ཆུང་༧་ལ་ཕྱི་རྒྱལ་དུ་གནས་སྡོད་ཆོག་པའི་ཐོབ་ཐང་ཡོད་པ་དང་། མི་གྲངས་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༣༢་དང་གྲངས་ཉུང་༨་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཉེན་ཚན་འདུག་གོ

XS
SM
MD
LG