ངོ་འཕྲད་བདེ་བའི་དྲ་འབྲེལ།

༢༠༡༨་ལོའི་དྲན་གསོའི་ཉིན་མོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ཕྱི་ཟླ་ལྔ་བའི་གཟའ་ཟླ་བའི་ཉིན་མོ་མཐའ་མ་དེར་ཨ་རི་བ་རྣམས་ཀྱིས་རྒྱལ་ཁབ་དང་དེ་ཡི་རིན་ཐང་ལྟ་གྲུབ་སྲུང་སྐྱོབ་ཀྱི་ཆེད་དུ་སྐུ་གཤེགས་པའི་མི་སྣ་རྣམས་ལ་གུས་འདུད་ཞུ་བ་ཡིན། འདི་ནི་མྱ་ངན་གྱི་རྣམ་པས་ཁེངས་པའི་ཉིན་མོ་ཞིག་ཡིན། འདི་ནི་རྟེན་འབྲེལ་མཛད་སྒོ་ཙམ་མ་ཡིན་པར་ཨ་རིའི་ནང་གི་འཚོ་སྡོད་བྱས་ཡོད་པ་ཡོངས་ཀྱིས་ཁོ་ཚོའི་རྒྱལ་ཁབ་ཀྱི་རང་དབང་ཆེད་གཅེས་པའི་ཚེ་སྲོག་ཕུལ་མཁན་རྣམས་དྲན་གསོ་དང་ཁོ་ཚོར་གུས་འདུད་ཞུ་བ་རེད། སྲོལ་རྒྱུན་འདི་ལ་ཐོག་མར་གུས་བསྟོད་ཉིན་མོ་ཟེར་བ་དང་། ༡༨༦༨་ལོའི་ཟླ་ལྔ་བར་མངའ་སྡེ་ Illinois ་ནང་འགོ་ཚུགས་པ་རེད། སྐབས་དེར་སྤྱི་མཐུན་དམག་དཔུང་ཆེན་མོ་ཞུ་བའི་རྒྱལ་ནང་དམག་འཁྲུག་ནང་ཞུགས་མཁན་དམག་ཞབས་ཟུར་བའི་ས་གནས་སྒྲིག་འཛུགས་ཀྱི་དམག་སྤྱི་ཆེན་མོ་ John A. Logan ་ཡིས། ཉིན་མོ་འདི་ནི་རྒྱལ་ནང་དམག་འཁྲུག་ནང་སྐུ་གཤེགས་མཁན་མནའ་འབྲེལ་དམག་མིའི་དུར་ས་དག་ལ་མེ་ཏོག་གི་མཆོད་བཀུར་གུས་བསྟོད་བྱེད་པའི་ཉིན་མོ་ཡིན་ཞེས་གསལ་བསྒྲགས་བྱས་པ་རེད། ཁོང་གིས་ད་རུང་འདི་ལྟར་དྲན་གསོ་བྱེད་པའི་དམིགས་ཡུལ་ནི་ང་ཚོའི་རྒྱལ་ཁབ་དང་དགྲ་བོའི་བར་ནས་སོ་སོའི་བྲང་ཁོག་འབེན་དུ་བཞག་མྱོང་བའི་ང་ཚོའི་སྐུ་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་བྱེད་པའི་ཆེད་དུ་ཡིན་ཞེས་གསུངས་ཡོད། སྲུང་བརྩི་བྱེད་སྟངས་དེ་རྒྱལ་ཡོངས་སུ་ཁྱབ་པ་དང་༡༩༦༦་ལོར་དུས་ཆེན་གྱི་མིང་དེ་དྲན་གསོའི་ཉིན་མོར་བསྒྱུར་ནས་ལོ་དེ་ནས་བཟུང་དབུས་གཞུང་གི་དུས་ཆེན་ཞིག་ཏུ་ཆགས་ཡོད། དེར་བརྟེན་དྲན་གསོའི་ཉིན་མོ་འདི་ཤར་ཐེངས་རེར་རྒྱལ་ཁབ་ཀྱི་ག་ས་གང་དུ་ཡོད་པའི་དམག་མི་དཔའ་བོ་དཔའ་མོ་དག་གི་དུར་བྱང་མདུན་དུ་རྒྱལ་དར་ཆུང་ཆུང་ཞིག་དང་སྙིང་རྗེ་བའི་མེ་ཏོག་ཚོམ་བུ་ཞིག་འཇོག རྒྱལ་དར་དང་མེ་ཏོག་གི་ཆེ་བཀུར་གྱིས་རྒྱལ་ཁབ་སྲུང་སྐྱོབ་ཆེད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་རེ་མཚོན། ཁོ་ཚོས་འཚོ་བ་རོལ་སྟངས་དང་ཡིད་ཆེས་བྱ་སའི་རིན་ཐང་ལྟ་གྲུབ་སྲུང་སྐྱོབ་ཆེད་གཅེས་པའི་ཚེ་སྲོག་བློས་བཏང་བའི་གཟི་བརྗིད་དེ་མཚོན་པ་ཡིན། ང་ཚོ་ཅི་སྲིད་བར་དུ་འཚོ་བཞུགས་བྱས་ན་ཁོ་ཚོ་དེ་སྲིད་བར་དྲན་གསོ་བྱེད་པ་ཡིན། དེར་བརྟེན་དྲན་གསོའི་ཉིན་མོ་འདིར་རྒྱལ་ཁབ་ཀྱི་བདེ་དོན་ཨང་དང་པོར་བཞག་པའི་དཔའ་བོ་དཔའ་མོ་མང་པོའི་སྙིང་སྟོབས་དང་ལས་དོན་ངོས་འཛིན་བྱེད་པ་ཡིན། ཁོ་ཚོ་ནི་ག་དུས་ཡིན་ཡང་ང་ཚོ་དང་མཉམ་དུ་ཡོད་པ་དང་དྲན་གསོའི་ཉིན་མོ་རེ་རེར་ཁོ་ཚོའི་སྙིང་སྟོབས་དང་བློས་གཏོང་ལ་གུས་འདུད་ཞུ། དྲན་གསོའི་ཉིན་མོར་གཟི་བརྗིད་ཆེ་བའི་རྒྱལ་ཁབ་འདིས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་བྱེད། རང་དབང་གི་ཆེད་དུ་ཁྲག་དང་སྲོག་དོར་བའི་མི་སྣ་རྣམས་ངོས་འཛིན་བྱེད་པ་ཡིན།།

XS
SM
MD
LG