རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རྨ་འབྲུ་རྫ་གསུམ་གྱི་མགོ་ཁུངས་ས་ཁུལ་ཁག་ཏུ་གཏེར་ཁ་སྔོག་འདོན་གྱི་བཟོ་གྲྭ་༥༠་ལྷག་ཡོད་པ་རྣམས་སྒོ་བརྒྱབ་པ་དང་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་སའི་གནས་ཡུལ་མིང་གྲགས་ཅན་ཁ་ཤས་ཡོད་པ་རྣམས་ཀྱང་གནས་སྐབས་རིང་སྒོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མདོི་ལ་རི་བོ་དང་ཨ་ཆེན་གངས་རྒྱབ། མཚོ་སྔོན་པོ། ཚ་འདམ་གཤོང་ལ་སོགས་པའི་རྒྱ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གྱི་གཏེར་ཁ་སྔོག་འདོན་བཟོ་གྲྭ་ཁག་ལ་གཏེར་རྫས་སྔོག་འདོན་བྱེད་ཆོག་པའི་ཆོག་མཆན་བཀོད་ཡོད་པ་རྣམས་ཕྱིར་བསྡུ་བྱས་པའི་རྐྱེན་གྱིས་གཏེར་ཁ་སྔོག་འདོན་ཆོག་པའི་ཡིག་ཆའམ། ཡང་ན་གཏེར་ཁ་སྔོག་འདོན་གྱི་དབང་ཆ་རྣམས་རྒྱ་ནག་གཞུང་གིས་ཕྱིར་བསྡུ་བྱས་ཟིན་པའི་གཏེར་ཁ་སྔོག་འདོན་བཟོ་གྲྭ་༥༦་ཡོད་ཅིང་། དེའི་གྲས་སུ་མདོི་ལ་རི་བོའི་རྒྱུད་དུ་གཏེར་ཁ་སྔོག་འདོན་བྱེད་པའི་བཟོ་ལས་ཁང་༢༠་དང་། རྨ་འབྲུ་རྫ་གསུམ་གྱི་མགོ་ཁུངས་དུ་བཟོ་ལས་ཁང་༢༩། ཚ་འདམ་གཤོང་དུ་བཟོ་ལས་ཁང་༣་དང་ཨ་ཆེན་གངས་རྒྱབ་དང་རྟ་ཐང་པེ་ཁྲོན་ཆུ་མགོ་བཅས་སུ་བཟོ་ལས་ཁང་༢། གཞན་ཡང་ཁུལ་དང་རྫོང་རིམ་པས་གཏེར་ཁ་སྔོག་འདོན་ཆོག་པའི་ཡིག་ཆ་སྤྲད་ཡོད་པའི་བཟོ་ལས་ཁང་༣་བཅས་ཀྱི་དབང་ཆ་རྣམས་ཕྱིར་བསྡུ་བྱས་པ་འཁོད་འདུག གོང་གི་དབང་ཆ་ཕྱིར་བསྡུ་བྱས་ཟིན་པའི་གཏེར་ཁ་སྔོག་འདོན་གྱི་བཟོ་ལས་ཁང་༥༦་ཕུད་པ་མ་ཟད། ད་དུང་མཚོ་སྔོན་གྱི་གཏེར་ཁ་སྔོག་འདོན་བཟོ་ཚོང་ལས་ཁང་གཞན་གཉིས་ཀྱི་གཏེར་ཁ་སྔོག་འདོན་གྱི་ཆོག་མཆན་ཡང་ཕྱིར་བསྡུ་བྱ་རྒྱུའི་རྒྱུད་རིམ་ཁྲོད་དུ་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་མགོ་ཁུངས་ཡིན་པས་རྒྱ་ནག་གི་ཆུ་མཛོད་དུ་འབོད་ཀྱི་ཡོད་པ་དང་རྒྱ་ནག་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ས་གནས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས་ཐེངས་འདིའི་གཏེར་ཁ་སྔོག་འདོན་གྱི་དབང་ཆ་ཕྱིར་བསྡུར་བྱ་རྒྱུ་རྒྱ་ནག་དབུས་གཞུང་ཁོར་ཡུག་སྲུང་སྐྱོབ་ལྟ་རྟོག་སྡེ་ཚན་གྱིས་ཐག་བཅད་པ་ཞིག་ཡིན། རྨ་འབྲུ་རྫ་གསུམ་གྱི་མགོ་ཁུངས་ས་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱ་དགོས་པ་དང་གཏེར་ཁ་སྔོག་འདོན་ས་ཁུལ་གྱི་ས་གཤིས་ལ་སྲུང་སྐྱོབ་བྱ་དགོས་ཞེས་བརྗོད་འདུག གཞན་ཡང་རྨ་འབྲུ་རྫ་གསུམ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གྱི་ཁོངས་སུ་གཏོགས་པའི་མཚོ་སྔོན་པོའི་བྱ་གླིང་མཚེར་བ་རི་དང་གླང་ཆེན་མཆེ་བའི་གནས། གཉན་པོ་གཡུ་རྩེའི་ཡུལ་སྐོར་ས་གནས་སོགས་ཀྱང་གནས་སྐབས་རིང་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་ནས་སྒོ་རྒྱག་རྒྱུ་ཡིན་པའི་གནས་ཚུལ་ཐོན། འདས་པའི་ལོ་ངོ་༢༠་ལྷག་གི་རིང་ལ་རྒྱ་ནག་གཞུང་གིས་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་སུ་གྱུར་པའི་ས་ཁུལ་དེ་དག་ལ་ཚད་འཛིན་མེད་པར་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་གིས་རྐྱེན་པས་བོད་ཀྱི་སྐྱེ་ཁམས་ལ་གནོད་སྐྱོན་ཆེན་པོ་དང་རྒྱ་ནག་ལ་ལོ་ལྟར་ཆུ་ལོག་བསྟུད་མར་བྱུང་སྟེ་གནོད་པ་ཆེན་པོ་ཐེབས་ཀྱིན་འདུག འདས་པའི་ལོ་ཁ་ཤས་སྔོན་ནས་བཟུང་སྟེ་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ལ་སྲུང་སྐྱོབ་བྱ་དགོས་པའི་སྲིད་ཇུས་རབ་དང་རིམ་པ་ཞིག་གཏན་ལ་ཕབ་ཀྱང་མཚོ་སྔོན་ལ་མུ་མཐུད་དུ་གཏེར་ཁ་མང་པོ་ཞིག་སྔོག་འདོན་བྱེད་ཀྱི་ཡོད་པ་དང་། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་སུ་གཏེར་ཁའི་ཚད་གཞི་ནི་ཧ་ཅང་མང་པོ་ཡིན་པས་སྐྱེ་ཁམས་ལ་གནོད་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་ཅིང་། དེར་བརྟེན་ཁེ་ཕན་དང་ཉེན་ཀ་གཉིས་ཀྱི་བར་དུ་རྒྱ་ནག་གཞུང་གིས་གྲུབ་འབྲས་ལྡན་པའི་ཐག་གཅོད་ཅི་ཡང་བྱས་མེད། རྒྱ་ནག་གཞུང་གིས་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཞེས་བརྗོད་བཞིན་པའི་ས་ཁུལ་གྱི་ཁོངས་སུ་རྫོང་ཁག་༡༦་དང་ཡུལ་ཚོ་༡་བཅས་འདུས། ས་གནས་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༣༦༠༠༠་དང་གྲང་ཆུང་༣་ཡོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁྱོན་གྱི་བརྒྱ་ཆའི་༥༠་དང་གྲངས་ཆུང་༤་ཡོད། འདིའི་ཁོངས་སུ་ཡུལ་ཤུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་ཡོངས་རྫོགས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་དང་རྨ་ལྷོ་སོག་རྫོང་། མཚོ་ལྷོ་ཁུལ་གྱི་བྲག་དཀར་རྫོང་དང་འབའ་རྫོང་། མཚོ་ནུབ་ཁུལ་གྱི་ན་གོར་མོའི་གདང་ལ་ཡུལ་ཚོ་བཅས་འདུས་ཡོད་པ་རེད།།