ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་གྱི་འགལ་རྐྱེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། རྒྱ་ནག་ལ་དམར་ཤོག་གུང་ཁྲན་ཏང་གིས་དབང་སྒྱུར་བྱས་པའི་རྗེས་སུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་ལ་ཕྱི་འབྲེལ་བཅད་ནས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས། འདས་པའི་ལོ་༦༠་ལྷག་ལ་རྒྱ་ནག་སྐམ་ས་ཆེན་མོ་དང་གདན་ས་ཝྭེ་ཊི་ཁན་ལ་ཕྱི་འབྲེལ་ཆད། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་གྱིས་ཕྱི་འབྲེལ་སླར་གསོ་བྱ་རྒྱུའི་གྲོས་མོལ་འགོ་ཚུགས་ཀྱང་རྒྱ་ནག་སྐམ་ས་ཆེན་མོ་དང་གདན་ས་ཝྭེ་ཊི་ཁན་གྱི་ཕྱི་འབྲེལ་སླར་གསོ་བྱེད་མི་ཐུབ་པའི་འགག་རྩ་གཙོ་བོ་རྒྱ་ནག་གི་ཡེ་ཤུ་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཕྱོགས་ཀྱི་དབང་ཚད་ལ་ཐུག་ཅིང་། ཕྱི་ཟླ་༥་ཙེས་༡༨་ཉིན་ཐེ་ཝན་གྱི་སྤྱི་ཁྱབ་ཆོས་དཔོན་ཇཱོན་ཧྭོང་ཧྲན་ཁྲོན་གྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་ཨི་ཊི་ལིའི་རྒྱལ་ས་རོམ་གྲོང་ཁྱེར་དུ་ཆགས་པའི་གདན་ས་ཝྭེ་ཊི་ཁན་ལ་འཚམས་འདྲིར་ཕེབས་པར་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་མཆོག་དང་གདན་ས་ཝྭེ་ཊི་ཁན་གྱི་ཕྱི་སྲིད་དྲུང་ཆེ་སོགས་ཀྱིས་མཇལ་འཕྲང་གནང་འདུག ཐེ་ཝན་གྱི་སྤྱི་ཁྱབ་ཆོས་དཔོན་ཇཱོན་ཧྭོང་ཧྲན་ཁྲོན་གྱིས་གསར་འགོད་པ་ཚོར་གསུང་དོན། བླ་ཆེན་ཕོབ་མཆོག་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་གནང་ཆོག་པའི་ལོ་རྒྱུས་ཀྱི་སྐུ་དབང་ཡོད་པ་ནམ་ཡང་བློས་གཏོང་མི་སྲིད། རྒྱ་ནག་གཞུང་གིས་ཀྱང་རང་ཡུལ་གྱི་ཡེ་ཤུ་ཆོས་དཔོན་རྣམས་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་ལ་བསྐོ་བཞག་བྱེད་དུ་འཇུག་དཀའ། དེར་བརྟེན་རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་གྱི་གྲོས་མོལ་ལ་འགོག་རྐྱེན་འཕྲད་ནས་ཕྱི་འབྲེལ་སླར་གསོ་བྱེད་ཐུབ་ཀྱི་མེད། ང་ཚོས་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་ལ་ནམ་ཡང་འབྲེལ་བ་འཛུགས་ཐུབ་རྒྱུ་མ་རེད་ཟེར་གྱི་མེད། ཡིན་ནའང་ཆོས་དཔོན་བསྐོ་བཞག་གི་དབང་ཚད་ཐོག་ཏུ་རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་གཉིས་གྲོས་མཐུན་བྱུང་མེད་པ་གསལ་བོ་རེད། ང་ཚོར་བླ་ཆེན་ཕོབ་མཆོག་གིས་གང་ཉིད་ལ་འཛམ་གླིང་ཡུལ་གྲུ་ཁག་གི་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་གནང་ཆོག་པའི་སྐུ་དབང་ཡོད་པ་བློས་གཏོང་གི་མིན། ང་ཚོས་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱ་དགོས་པའི་ལམ་སྲོལ་རྩ་འཛིན་བྱ་དགོས། རྒྱ་ནག་གིས་གདན་ས་ཝྭེ་ཊི་ཁན་གྱི་དབང་ཚད་ལ་ཧ་ལམ་མོས་མཐུན་བྱ་མི་སྲིད་ཅེས་གསུངས་བྱུང་། བླ་ཆེན་ཕོབ་མཆོག་གིས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་རྣམས་གདན་ས་ཝྭེ་ཊི་ཁན་གྱིས་བསྐོ་བཞག་བྱེད་ཀྱི་ཡོད་པའི་སྲོལ་རྒྱུན་རྣམས་སྔར་བཞིན་རྩ་འཛིན་གནང་ངེས་རེད། རྒྱ་ནག་གཞུང་གིས་ཀྱང་རང་གི་ལངས་ཕྱོགས་མཁྲེགས་འཛིན་བྱེད་ཀྱི་ཡོད་པས་ཕྱོགས་གཉིས་ཀས་གུ་བཤངས་བྱ་ཐུབ་རྒྱུ་ཁག་པོ་རེད་ཅེས་གསུངས་འདུག ཐེ་ཝན་གྱི་སྤྱི་ཁྱབ་ཆོས་དཔོན་ཧྭོང་ཧྲན་ཁྲོན་གདན་ས་ཝེ་ཊི་ཁན་ལ་ཕེབས་པ་ནི་༢༠༠༨་ནས་བཟུང་སྟེ་ཐེ་ཝན་གྱི་ཡེ་ཤུའི་གནམ་བདག་ཆོས་སྡེའི་སྤྱི་ཁྱབ་ཆོས་དཔོན་ཞིག་གདན་ས་ཝྭེ་ཊི་ཁན་གྱི་དབུས་སྤྱི་ཁྱབ་ཁང་ལ་ཕེབས་པ་ཐེངས་དང་པོ་ཡིན་ཞིང་། སྤྱི་ཁྱབ་ཆོས་དཔོན་ཧྭོང་ཧྲན་ཁྲོན་གྱིས་རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་གྱི་འབྲེལ་བ་སླར་གསོ་འབྱུང་ཐུབ་པའི་དབང་དུ་བཏང་རུང་ང་ལ་གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གི་འབྲེལ་བ་སླར་གསོ་བྱུང་བ་མིག་གིས་མཐོང་ཐུབ་པའི་ཚེ་ཐག་མེད། གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་ལ་འབྲེལ་བ་འཛུགས་འདོད་ཡོད་པ་ནི་ཆོས་དད་རང་དབང་གི་ཐོབ་ཐང་རྒྱ་ཆེ་རུ་གཏོང་རྒྱུའི་ཆེད་དུ་ཡིན་མོད། འོན་ཀྱང་རྒྱ་ནག་སྐམ་ས་ཆེན་མོའི་གཞུང་ལ་རང་གི་ནང་སྲིད་དེར་ཕྱིའི་སྟོབས་ཤུགས་ལ་ཐེ་གཏོགས་བྱེད་དུ་འཇུག་འདོད་གཏན་ནས་མེད། དེས་ན་རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་གྱི་འབྲེལ་བ་ཡར་རྒྱས་འགྲོ་ཐུབ་རྒྱུ་ཁག་པོ་རེད་ཅེས་གསུངས། ཁ་སྔོན་ཕྱི་ཟླ་༣་པའི་ནང་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གོ་ཅིན་ཚཱེས་རྒྱ་ནག་དང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གཉིས་ཀྱིས་གྲོས་མོལ་བྱས་ནས་རྒྱ་ནག་གི་ཡེ་ཤུ་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཕྱོགས་ལ་མཐའ་མའི་གྲོས་མཐུན་ཞིག་འཇོག་གྲབས་ཡོད་ཅེས་ཁྱབ་བསྒྲགས་བྱས། དེ་ནས་ཉི་མ་འགའ་ཞིག་གི་རྗེས་སུ་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་ལ་ཕྱི་འབྲེལ་སླར་གསོ་བྱེད་པའི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུ་ཁག་པོ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ནས་རྒྱ་ནག་དང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱི་གྲོས་མོལ་མཚམས་ཆད། དེང་སྐབས་རྒྱ་ནག་སྐམ་ས་ཆེན་མོར་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱས་པའི་ཡེ་ཤུའི་ཆོས་དཔོན་༣༠་ཙམ་ཡོད་མ་ཟད། རྒྱ་ནག་རྒྱལ་ཡོངས་སུ་ཉུང་མཐའ་ཡང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ས་ཡ་༡༠་ལྷག་ཡོད་ཅིང་། གལ་ཏེ་རྒྱ་ནག་གཞུང་དང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གཉིས་ཀྱི་ཕྱི་འབྲེལ་སླར་གསོ་བྱེད་པའི་གྲོས་མཐུན་ཞིག་འཇོག་ཐུབ་ཚེ། གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་ལ་བློ་སེམས་གཏད་པའི་རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་ཚོའི་གནས་སྟངས་ལ་འགྱུར་ལྡོག་གང་འདྲ་ཞིག་ཐེབས་རྒྱུ་ཡིན་མིན་ཉམས་ཞིབ་པ་ཚོས་དོ་སྣང་བྱེད་ཀྱི་ཡོད་ཅིང་། ཧོང་ཀོང་གི་ཆོས་རྗེ་འཇོ་སེ་ཧྥུ་ཙན་སོགས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ཁག་ཅིག་གིས་གདན་ས་ཝྭེ་ཊི་ཁན་ལ་སྐྱོན་བརྗོད་བྱས་ནས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུ་ཆོས་དཔོན་རྣམས་གདན་ས་ཝྭེ་ཊི་ཁན་གྱིས་ངོས་ལེན་བྱས་ན་ལོ་བཅུ་ཕྲག་མང་པོར་རྒྱ་ནག་གཞུང་ལ་མགོ་མ་སྒུར་པ་དང་། གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་ལ་དད་པ་དམ་ཚིག་འགྱུར་བ་མེད་པར་རྒྱ་ནག་གཞུང་ལ་འཐབ་རྩོད་བྱེད་མཁན་ཡེ་ཤུ་ཆོས་དད་པ་ཚོར་ཁྲེལ་མེད་བྱས་པ་རེད། གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་གིས་རྒྱ་ནག་གཞུང་ལ་ནམ་ཡང་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཆོག་པའི་དབང་ཚད་སྤྲོད་མི་ཉན་ཞེས་འབོད་སྐུལ་ཞུས་འདུག ད་ལྟ་འཛམ་གླིང་ཐོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༩་ཡོད་པ་དེ་དག་གི་གྲས་སུ་གདན་ས་ཝྭེ་ཊི་ཁན་ཡོད་ཀྱང་རྒྱ་ནག་གཞུང་གིས་གདན་ས་ཝྭེ་ཊི་ཁན་དང་ཐེ་ཝན་གྱི་ཕྱི་འབྲེལ་གཅོད་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། ཐེ་ཝན་རྒྱལ་ཡོངས་སུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་འབུམ་༤་ཡས་མས་ཤིག་ཡོད་པ་རེད།།

XS
SM
MD
LG