ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་དང་ཧོང་ཀོང་།


༄༅།། རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་གུང་ཁྲན་ཏང་གི་སྲིད་དབང་གཅིག་སྡུད་ལམ་ལུགས་མཇུག་བསྒྲིལ་དགོས་ཞེས་སྐད་འབོད་བྱེད་མཁན་རྣམས་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་འགྲན་ཞུགས་བྱ་ཐུབ་རྒྱུ་ཁག་པོ་ཡིན་སྲིད། འབོད་ཚིག་འདི་དམངས་གཙོའི་རྒྱལ་ཁབ་ཁག་ཏུ་སྒྲོགས་བཞིན་པའི་འབོད་ཚིག་ཅིག་ཡིན་ཞེས་བཤད་འདུག ཟླ་བ་སྔོན་མར་གསར་དུ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་བསྐོ་བཞག་བྱས་པའི་ཧོང་ཀོང་གི་འཐུས་མི་ཐཱམ་ཡུས་ཁྲུང་གིས་རྒྱ་ནག་ལ་སྲིད་དོན་ཚོགས་པ་གཅིག་གིས་དབང་སྒྱུར་བྱེད་བཞིན་པ་མཇུག་བསྒྲིལ་དགོས་ཞེས་འབོད་ཚིག་སྒྲོགས་མཁན་རྣམས་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་འགྲན་ཞུགས་བྱ་རྒྱུ་འགོག་དགོས་ཞེས་གཏམ་བཤད་བྱས་པར་བརྟེན། ཧོང་ཀོང་གི་སྤྱི་ཚོགས་སུ་རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་མཇུག་བསྒྲིལ་དགོས་ཞེས་ཧོང་ཀོང་མི་དམངས་ལ་གཏམ་བརྗོད་རང་དབང་གི་ཐོབ་ཐང་ཡོད་པ་ལོངས་སུ་སྤྱོད་མི་ཆོག་གམ་ཞེས་རྩོད་པ་ཆེན་པོ་བྱུང་ཞིང་། རྒྱ་ནག་དབུས་གཞུང་གི་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གྱི་ལས་དོན་འགན་འཛིན་ཟུར་པ་ཝང་གྭོང་ཡ་ལ་གསར་འགོད་པ་ཚོས་སྐད་ཆ་དྲིས་པར་ཝང་གྭོང་ཡས་ཀྱང་རྒྱ་ནག་ལ་སྲིད་དོན་ཚོགས་པ་གཅིག་གི་དབང་སྒྱུར་བྱེད་པའི་ལམ་ལུགས་མཇུག་བསྒྲིལ་དགོས་ཟེར་མཁན་རྣམས་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་མཉམ་ཞུགས་བྱ་ཆོག་རྒྱུ་ཧ་ལམ་ཁག་པོ་རེད། འབོད་ཚིག་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྒྱབ་འགལ་ཡིན་པ་གསལ་བོ་ཡིན། རྒྱ་ནག་གི་རྩ་ཁྲིམས་སུ་རྒྱལ་ཁབ་ལ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱ་དགོས་ཞེས་འཁོད་ཡོད། འདི་ནི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཡིན། རྒྱ་ནག་ནི་སྲིད་དོན་ཚོགས་པ་གཅིག་གིས་དབང་སྒྱུར་བྱེད་པའི་རྒྱལ་ཁབ་ཅིག་མིན། ཡིན་ནའང་འབོད་ཚིག་དེའི་དམིགས་འབེན་རྒྱ་ནག་དམར་ཤོག་ཚོགས་པ་ཡིན་པ་གསལ་བོ་རེད་ཅེས་གསར་འགོད་པར་ལན་འདེབས་བྱས་འདུག ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ལོ་ལྟར་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་རྗེས་དྲན་བྱས་ཏེ། རྒྱ་ནག་ལ་གུང་ཁྲན་ཏང་གི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ཤིག་ཚུགས་ཡོད་པ་མཇུག་བསྒྲིལ་དགོས་ཞེས་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ཚོས་སྐད་འབོད་བྱེད་ཀྱི་ཡོད་ཅིང་། གསར་འགོད་པ་ཚོས་ཝང་གྭོང་ཡ་ལ་མི་ཞིག་གིས་སྔོན་ཆད་རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་མཇུག་བསྒྲིལ་དགོས་ཞེས་སྐད་འབོད་བྱས་པ་ཡིན་ན་མི་དེ་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་འགྲན་ཞུགས་བྱེད་ཆོག་གམ་ཞེས་དྲིས་པར་ཝང་གྭོང་ཡས་ང་ལ་སྔར་བཞིན་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གྱི་ལས་དོན་ལ་འགན་འཁྲི་མེད་ཅེས་ལན་འདེབས་བྱས་པ་དང་། ད་ལྟའི་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལག་བསྟར་ཚོགས་ཆུང་གི་འགོ་ཁྲིད་ཧྲེན་ཁྲུན་ཡའོ་ཡིས་གསར་འགོད་པའི་དྲི་བར་ལེན་འདེབས་བྱས་མེད་ཅིང་། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་དབུས་གཞུང་དོན་གཅོད་ཁང་གི་འགན་འཛིན་ཝང་ཀྲི་མིན་གྱིས་སྲིད་དོན་ཚོགས་པ་གཅིག་གི་སྲིད་དབང་གཅིག་སྡུད་ཟེར་པ་ལོག་འགྲེལ་ཡིན། འདི་ནི་རྒྱལ་ཁབ་ཀྱི་སྲིད་ལུགས་མགོ་སྟེང་སློག་དགོས་པའི་སྐད་འབོད་ཡིན་པས་ཆབ་སྲིད་ཀྱི་ལས་རིགས་སུ་ཞུགས་པའི་སྲིད་དོན་པ་རྣམས་ཀྱི་ཀུན་སྤྱོད་ལ་མི་མཐུན་ཞེས་བཤད་ཡོད་པ་མ་ཟད། གཟའ་མིག་དམར་ཉིན་ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལིམ་གྱིས་ཀྱང་རྒྱ་ནག་སྐམ་ས་ཆེན་མོར་ཚུགས་པའི་སྲིད་དོན་ཚོགས་པ་གཅིག་གི་དབང་སྒྱུར་ལམ་ལུགས་མཇུག་བསྒྲིལ་དགོས་ཞེས་སྐད་འབོད་བྱས་ནས་རྒྱ་ནག་གཞུང་གིས་མི་དེ་ཁྲིམས་ལ་སྦྱར་ཚེ། ཧོང་ཀོང་ས་གནས་གཞུང་གིས་མི་དེའི་བདེ་འཇགས་དང་ཐོབ་ཐང་ལ་སྲུང་སྐྱོབ་བྱ་ཐུབ་རྒྱུ་འགན་ལེན་མི་ཐུབ་ཅེས་བཤད་ཡོད་པ་རེད། བདུན་ཕྲག་སྔོན་མར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བཅའ་ཁྲིམས་ལག་བསྟར་ཚོགས་ཆུང་གི་ཚོགས་གཙོ་ཟུར་པས་ཧོང་ཀོང་བ་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱ་དགོས། རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་རྒྱལ་ཁབ་ཀྱི་མངའ་ཁོངས་ཡོངས་རྫོགས་འདུ་དགོས་ཞེས་ནན་བརྗོད་བྱས་མོད། འོན་ཀྱང་ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་དམངས་གཙོའི་སྐད་འབོད་བྱེད་མཁན་རྣམས་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་འགྲན་ཞུགས་བྱེད་མི་ཆོག་པ་ཐབས་རྡུགས་ཀྱི་གནས་ཚུལ་ཞིག་ཡིན། འདི་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་གུ་བཤངས་དང་མཉམ་འབྲེལ་བྱེད་ཀྱི་མེད་པའི་རྟགས་མཚན་རེད། རྒྱ་ནག་གིས་ཧོང་ཀོང་མི་དམངས་ལ་གནོན་ཤུགས་སྤྲད་ནས་རྒྱ་ནག་དབུས་གཞུང་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ཁོ་ན་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་ཞུགས་ཆོག་པའི་དམིགས་ཡུལ་བཅངས་འདུག་ཅེས་སྐྱོན་བརྗོད་བྱས་པ་དང་། ཧོང་ཀོང་གི་ན་གཞོན་ཤེས་ཡོན་ཅན་ཚོས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མངའ་ཁུལ་དེ་རྒྱ་ནག་ལ་འབྲེལ་བ་མེད། ཧོང་ཀོང་རང་བཙན་བྱ་དགོས་ཞེས་ལས་འགུལ་སྤེལ་ནས་འབོད་ཚིགས་སྒྲོགས་ཀྱི་ཡོད་པ་རེད།།

XS
SM
MD
LG