ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་ལ་འཐུང་ཆུ་དཀོན་པའི་དཀའ་ངལ།


༄༅།།ད་ལོ་རྒྱ་གར་གྱི་ས་གནས་མང་དག་ཅིག་ལ་ཐན་པ་བྱུང་ནས་འཐུང་ཆུ་ཇེ་དཀོན་དུ་གྱུར་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱིན་ཡོད་པ་སྟེ། རྒྱ་གར་གྱི་བྱང་ཕྱོགས་ཀྱི་རི་གྲོང་སིམ་ལ་ལྟ་བུར་མཚོན་ན་འཐུང་ཆུ་མང་པོ་ཞིག་དབྱར་གྱི་ཆར་ཆུ་དང་དགུན་གྱི་ཁངས་ལ་བརྟེན་དགོས། སིམ་ལའི་ཞིང་པ་ཚོས་ཡུལ་སྐོར་སྤྲོ་འཆམ་པ་མང་དྲགས་ནས་ས་གནས་མི་མང་ལ་འཐུང་ཆུ་ཇེ་དཀོན་དུ་གྱུར་ཚུལ་དང་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་ཁག་གིས་ཞིང་ལས་པ་ཚོས་ས་ཞིང་ལ་ཞིང་ཆུ་དྲངས་ནས་མི་མང་ལ་འཐུང་ཆུ་ཇེ་དཀོན་དུ་གྱུར་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༦་ཚེས་༡༨་ཉིན་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པར་གཞིགས་ན་རྒྱ་གར་བྱང་ཕྱོགས་ཀྱི་སིམ་ལ་རི་གྲོང་གི་ཆུ་འདྲེན་ལྕགས་སྦུག་རྣམས་དབྱིན་ཇིའི་དབང་སྒྱུར་དུས་སུ་འཐེན་པ་ཤ་སྟག་ཡིན་པ་དང་། རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་ལོ་༧༡་འཁོར་གྱི་ཡོད་པ་དང་ས་གནས་དེའི་མི་འབོར་ཡང་འཕེལ་རྒྱས་ཕྱིན་ཡོད་ཀྱང་སིམ་ལའི་ཆུ་འདྲེན་ལྕགས་སྦུག་ལ་ཡར་རྒྱས་ཀྱི་རྣམ་པ་གང་ཡང་ཐོན་མེད་པར་བརྟེན། སྐབས་འགར་ཁྱིམ་ཚང་ཁག་དང་གྲོང་གླིང་ཁག་ལ་ཆུ་ཆད་ནས་ཉི་མ་༢༠་ཡས་མས་རེ་འགྲོ་བཞིན་ཡོད། དེར་བརྟེན་མི་མང་གིས་ཆུ་སྒོ་འབྱེད་མཁན་ལ་ཁ་པར་བཏང་ནས་ཁ་རྡུང་བཏང་བ་དང་སྡིགས་ར་བསྐུལ། རྒྱ་གར་གྱི་སིམ་ལ་རི་གྲོང་ཁྱེར་ནི་དབྱིན་ཇིའི་དབང་འཛིན་པ་ཚོའི་དབྱར་གྱི་རྒྱལ་ས་ཡིན་པ་དང་ས་གནས་དེའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཞིག་ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་ཡོད། ད་ལོ་རི་གྲོང་དེའི་ཚ་དྲོད་ཧྥེ་རེན་ཧེ་ཊི་༩༠་ཡན་ཆད་བརྒལ་ནས་ཚད་པ་ཆེ་དྲགས་པས་སིམ་ལའི་ཡུལ་མི་ཚོས་ཊུས་ཊར་དྲྭ་ལམ་དུ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཡོང་མི་དགོས། ས་གནས་མི་མང་ལ་འཐུང་ཆུ་མི་འདུག སིམ་ལ་རི་གྲོང་ཁྱེར་ལ་འཐུང་ཆུ་དཀོན་པོ་འདི་འདྲ་ཞིག་བྱུང་མྱོང་མེད་ཅེས་དྲྭ་ལམ་གསར་འགྱུར་སྤེལ་འདུག ཟླ་བ་སྔོན་མ་ནས་འཐུང་ཆུ་དཀོན་པའི་སྟབས་ཀྱིས་སིམ་ལ་རི་གྲོང་གི་མགྲོན་ཁང་ཁག་གི་ཁང་མིག་མངགས་ལེན་ཟིན་པ་རྣམས་ལ་དངུལ་སྒོར་ཕྱིར་སློག་བྱས་ནས་འཐུང་ཆུ་མི་འདུག་ཅེས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་འགྲེལ་བཤད་བརྒྱབ། རི་གྲོང་སིམ་ལའི་རྒྱ་ལམ་གཡས་གཡོན་དུ་བཙུགས་པའི་ཆུ་སྣོད་ཁག་གི་ཐོག་ཏུ་འཐུང་ཆུ་ཡོད་ན་སང་ཉིན་གྱི་མདུན་ལམ་ཡོད་ཅེས་ཡིག་ཆེན་བྲིས་པར་གཞིགས་ན་འཐུང་ཆུ་འདང་ངེས་མེད་པའི་དཀའ་ངལ་ཚབས་ཆེན་ཞིག་ལ་གྱུར་ཡོད་པ་མཚོན་ཐུབ། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་རྒྱ་གར་དབུས་གཞུང་གིས་༢༠༡༨་ལོར་མི་དམངས་ལ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་པ་ནི་རྒྱ་གར་གྱི་ལོ་རྒྱུས་སུ་བྱུང་མྱོང་མེད། ད་ལྟ་རྒྱ་གར་མི་མང་དུང་ཕྱུར་༦་སྟེ། རྒྱ་གར་གྱི་མི་འབོར་ཕྱེད་ཀ་ཙམ་ལ་འཐུང་ཆུ་འདང་ངེས་མེད་པའི་དཀའ་ངལ་འཕྲད། རྒྱ་གར་རྒྱལ་ཡོངས་སུ་ལོ་ལྟར་འཐུང་ཆུ་འདང་ངེས་མེད་པར་མི་གྲངས་འབུམ་༢་ཡས་མས་རེ་ལ་འཆི་སྐྱོན་འབྱུང་། ཕྱི་ལོ་༢༠༣༠་ཡས་མས་སུ་རྒྱ་གར་ལ་ཆུའི་དགོས་མཁོ་ད་ལྟ་ལས་ལྡབ་གཉིས་ཙམ་མང་དུ་འགྲོ་ཉེན་འདུག་ཅེས་སྙན་ཐོ་བཏོན་ཡོད་པར་མ་ཟད། རི་གྲོང་སིམ་ལ་ལྟ་བུར་ཡང་དབྱར་དུས་ཆར་ཆུ་འབབ་རྒྱུ་དང་དགུན་དུས་ཁངས་འབབ་རྒྱུ་ཇེ་ཉུང་དུ་སོང་སྟེ་འཛམ་གླིང་གི་གནམ་གཤིས་ཚ་དྲོད་རྒྱས་པའི་སྟབས་ཀྱིས་ཆར་ཆུ་དུས་སུ་མི་འབབ་པའི་དཀའ་ངལ་ལོ་རེ་བཞིན་ཇེ་ཆེར་སོང་། སིམ་ལ་རི་གྲོང་གྱི་ཆུ་འདྲེན་ལྕགས་སྦུག་ཕལ་མོ་ཆེར་བཙའ་བརྒྱབ་སྟེ་ཨི་ཁུང་བརྡོལ་ནས་ཉིན་ལྟར་འཐུང་ཆུ་མང་ཉུང་ལི་ཊར་ས་ཡ་༥་རེ་ཐིགས་པ་བརྒྱབ་ནས་ཆུད་ཟོས་སུ་འགྲོ་བཞིན་ཡོད་ཅིང་། འཛམ་གླིང་དངུལ་ཁང་གིས་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་༡་དང་ཁྲི་༥་བུ་ལོན་བསྐྱིས་ནས་༢༠༢༣་ལོར་སིམ་ལ་རི་གྲོང་གི་ཆུ་འདྲེན་ལྕགས་སྦུག་རྣམས་ཡར་རྒྱས་གཏོང་རྒྱུའི་འཆར་འགོད་བྱས་འདུག སིམ་ལ་རི་གྲོང་གི་སྤྱི་ཁྱབ་པ་ཅོ་དྷ་རིས་བཤད་པ་ལྟར་ན་དབྱར་གྱི་དུས་སུ་སིམ་ལའི་མི་འབོར་ལྡབ་གཉིས་ཙམ་འཕར་སྣོན་འགྲོ་བཞིན་ཡོད་པས་ཉིན་ལྟར་མི་མང་ལ་འཐུང་ཆུ་མང་ཉུང་ལི་ཊར་ས་ཡ་༤༥་དགོས་ཀྱང་དོན་དངོས་སུ་འཐུང་ཆུ་ལི་ཊར་ས་ཡ་༣༡་ལས་མི་འདུག ཕྱི་ཟླ་༥་བ་དེར་འཐུང་ཆུ་ལི་ཊར་ས་ཡ་༢༢་ལས་མི་འདུག་ཅེས་བཤད། ༡༩༠༡་ནས་རྒྱ་གར་གྱིས་ལོ་རེའི་ཚ་དྲོད་ཀྱི་མཐོ་ཚད་ཐོ་འགོད་བྱ་རྒྱུ་འགོ་ཚུགས་ནས་བཟུང་། ན་ནིང་རྒྱ་གར་ལ་ལ་ཚ་དྲོད་ཆེ་ཤོས་ཨང་བཞི་པར་སླེབས། ད་ལོ་ལྡི་ལི་གསར་པའི་ཝ་ཟིར་པུར་གྲོང་གླིང་དུ་འཐུང་ཆུ་བརྩད་ནས་ཕ་བུ་གཉིས་ལ་སྲོག་སྐྱོན་བྱུང་། སིམ་ལ་རི་གྲོང་གཅིག་པུ་མིན་པར་རྒྱ་གར་རྒྱལ་ཡོངས་སུ་ཆུ་འདྲེན་པའི་ལྕགས་སྦུག་རྣམས་རྙིང་དྲགས་པ་དང་ལྕགས་སྦུག་ཕྲ་དྲགས་ནས་མི་འབོར་འཕེལ་རྒྱས་དང་གྲོང་ཁྱེར་རྒྱ་སྐྱེད་ཀྱི་དགོས་མཁོར་གཞིགས་ནས་ཆུ་འདྲེན་ལྕགས་སྦུག་གསར་པ་འཐེན་ཐུབ་ཀྱི་མེད་པ་སྟེ། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་༩༠་ཐམ་པར་འཐུང་ཆུ་འདང་ངེས་མེད་ཀྱང་འཐུང་ཆུའི་དཀའ་ངལ་སེལ་ཐུབ་རྒྱུའི་རྟགས་མཚན་ཅི་ཡང་མེད་པ་རེད།།

XS
SM
MD
LG