ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་རྒྱ་མཚོར་རྒྱ་ནག་གི་ཤུགས་རྐྱེན་ཐེབས་དོགས།
please wait

No media source currently available

0:00 0:03:22 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ད་ལོའི་ཟླ་བ་༤་པའི་ནང་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་མཚོ་དམག་གི་གྲུ་གཟིངས་རུ་ཁག་ཅིག་རྒྱ་གར་རྒྱ་མཚོའི་ཕྱོགས་སུ་བསྐྱོད་པ་དང་། སྐབས་དེར་རྒྱ་གར་གྱི་མཚོ་དམག་གིས་ཊོས་ཊར་དྲ་ལམ་དུ་རྒྱ་ནག་གི་མཚོ་དམག་རུ་ཁག་དེ་རྒྱ་གར་རྒྱ་མཚོའི་ནང་དུ་སླེབས་པར་དགའ་བསུ་ཞུ། མཚོ་ཐོག་གི་འགྲིམ་འགྲུལ་སྐྱིད་པོ་ཡོང་བར་ཤོག་ཅེས་ཟུར་ཟ་དང་མཉམ་དུ་རྒྱ་ནག་གི་གྲུ་གཟིངས་རུ་ཁག་དེའི་པར་དང་བཅས་པ་དྲ་ལམ་དུ་སྤེལ། རྒྱ་གར་གི་མཚོ་དམག་གིས་དྲ་ལམ་ལ་གནས་ཚུལ་དེ་ལྟར་བཀོད་པ་དེས་རྒྱ་གར་རྒྱ་མཚོའི་སྟེང་དུ་རྒྱ་གར་གྱིས་ལྟ་རྟོག་དང་སྲུང་སྐྱོབ་ནན་པོ་བྱེད་ཀྱི་ཡོད་པ་མཚོན་ཐུབ་པ་མ་ཟད། རྒྱ་གར་གྱི་མཚོ་དམག་གིས་རྒྱ་ནག་ལ་དོགས་ཟོན་དང་བློ་འཚབ་བྱེད་ཀྱི་ཡོད་པའང་མཚོན་ཐུབ། རྒྱ་ནག་གི་མཚོ་དམག་གི་གྲུ་གཟིངས་རུ་ཁག་དེ་རྒྱ་གར་རྒྱ་མཚོའི་ཁོངས་སུ་སླེབས་པའི་ཉིན་ཁ་ཤས་ཀྱི་རྗེས་སུ་རྒྱ་གར་གྱི་མཚོ་དམག་གིས་དངོས་སུ་ཉེན་བརྡ་བཏང་སྟེ། རྒྱ་གར་རྒྱ་མཚོའི་ནང་གི་མཚོ་འགག་གལ་གནད་ཆེ་བ་ཁག་ཅིག་ལ་ཕྱོགས་ཡོངས་ནས་སྐོར་ཞིབ་བྱེད་པར་དམག་གྲུ་༥༠་བཏང་ནས་ཆུ་ཚོད་ཉི་ཤུ་༢༤་རིང་ལ་སྐོར་གཡེང་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག སྤྱིར་རྒྱ་གར་རྒྱ་མཚོའི་སྟེང་དུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་སོང་བ་དང་མཉམ་དུ་རྒྱ་གར་གཅིག་པུ་མ་ཡིན་པར་ཉི་ཧོང་དང་ཨ་རི་སོགས་ཀྱིས་ཀྱང་རྒྱ་ནག་ལ་དོགས་ཟོན་བྱ་རྒྱུ་ཤུགས་ཆེ་རུ་སོང་ཡོད་པ་སྟེ། ཉེ་ཆར་ཨ་རིའི་རིག་མཛོད་ཅེས་པའི་ཉམས་ཞིབ་སྡེ་ཚན་གྱི་ཁོངས་སུ་རྒྱ་གར་རྒྱ་མཚོའི་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་སླེབས་པ་ལས་འཕྲོས་ཏེ་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་ཐེབས་པའི་ཤུགས་རྐྱེན་ཅེས་བརྗོད་གཞིའི་ཐོག་ཏུ་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད། སྐབས་དེར་རྒྱ་ནག་གིས་རྒྱ་གར་རྒྱ་མཚོའི་སྟེང་དུ་དམག་དོན་གྱི་ལས་འགུལ་སྤེལ་བཞིན་པ་ཁག་ནི་རྒྱ་གར་རྒྱ་མཚོའི་གནས་སྟངས་ལ་ཆེད་དུ་འགྱུར་བ་གཏོང་ཐབས་ཤིག་ཡིན་པས་རྒྱ་གར་གྱིས་དེ་ལ་དོགས་ཟོན་དང་བློ་འཚབ་བྱ་དགོས་ཐུག་ཡོད། རྒྱ་གར་རྒྱ་མཚོ་ནི་རྒྱ་གར་ལ་མཚོན་ན་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ས་གནས་གལ་གནད་ཆེ་བ་ཞིག་ཡིན་པས་ཕྱིའི་རྒྱལ་ཁབ་གང་རུང་གི་སྟོབས་ཤུགས་རྒྱ་གར་རྒྱ་མཚོའི་ནང་དུ་ཁྱབ་པའམ། ཡང་ན་རྒྱ་གར་རྒྱ་མཚོ་རྒྱལ་ཁབ་གང་ཞིག་གི་མཚོ་ཁོངས་ཡིན་པའི་ལྟ་ཚུལ་ཁས་ལེན་བྱ་དཀའ། རྒྱ་ནག་གི་བྱེད་སྟངས་འདིས་རྒྱ་གར་ལ་ཕོག་ཐུག་ཆེན་པོ་གཏོང་གི་ཡོད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་མཉམ་ལས་ཀྱི་འཆར་གཞིའི་འོག་ཏུ་རྒྱ་ནག་དང་པ་ཀི་སི་ཐན་གྱི་འབྲེལ་ལམ་སྔར་ལས་བཟང་དུ་ཕྱིན་ཏེ་རྒྱ་ནག་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལ་དང་སིངྒ་ལ། བལ་ཡུལ་སོགས་ལ་དཔལ་འབྱོར་རོགས་སྐྱོར་ཆེན་པོ་བྱེད་བཞིན་པ་བཅས་ཀྱིས་རྒྱ་གར་ལ་ཕོག་ཐུག་གཏོང་གི་ཡོད་པ་རྣམས་ཀྱང་གླེང་སློང་བྱུང་འདུག ད་ལྟ་རྒྱ་ནག་ལ་མཚོན་ན་རྒྱ་གར་རྒྱ་མཚོའི་སྟེང་གི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ནི་དངོས་ཡོད་ཀྱི་གནས་སྟངས་ཤིག་དང་། དངོས་ཡོད་ཀྱི་གནས་སྟངས་འདིས་ཨ་རི་ལའང་འགྲན་རྩོད་ཆེན་པོ་ཞིག་ཚུགས་ཡོད། ཨ་རིར་མཚོན་ན་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་ཁས་ལེན་བྱས་ཡོད་པའི་རྩ་དོན་རྣམས་རྩ་འཛིན་བྱ་དགོས། རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་ཆ་ནས་ནང་འགལ་གྱི་དཀའ་ངལ་ཞིག་ཀྱང་ཡོད་མོད། ཡིན་ནའང་ཨ་རིར་བཟང་ཆ་ཞིག་ཡོད་པ་ནི་མཐུན་ཕྱོགས་རྒྱལ་ཁབ་དེ་དག་ལ་འབྲེལ་ལམ་གྱི་རྨང་གཞི་ཧ་ཅང་བརྟན་པོ་ཞིག་ཚུགས་ཡོད་པས། གལ་ཏེ་རྒྱ་ནག་གི་མཚོ་དམག་གི་སྟོབས་ཤུགས་ཇི་ལྟར་རྒྱས་ཀྱང་ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ། ལྷོ་ཀོ་རི་ཡ། ཐེ་ཝན། རྒྱ་གར། སིངྒ་པུར་བཅས་ཀྱི་མཚོ་དམག་གི་སྟོབས་ཤུགས་མཉམ་འབྲེལ་ལ་ཁ་གཏད་མི་ཁྱོགས། དེར་བརྟེན་རྒྱ་མཚོའི་མངའ་ཁོངས་ཀྱི་དབག་དབང་དོ་སྙོམས་སུ་གནས་ཐུབ་པའི་ཚོད་དཔག་བྱེད་བཞིན་ཡོད་ཀྱང་ཉི་ཧོང་ལྟ་བུར་མཚོན་ན་ཉེ་བའི་ལོ་ཤས་ནས་རྒྱ་ནག་གིས་ཉི་ཧོང་གི་མཐའ་མཚམས་ཀྱི་གནམ་མཚོ་གཉིས་སུ་དམག་དོན་གྱི་ནུས་པ་རྒྱ་བསྐྱེད་ཀྱི་ཡོད་པའི་བློ་འཚབ་ཆེན་པོ་ཡོད་པ་ཇི་བཞིན་རྒྱ་ནག་གི་མཚོ་དམག་སྟོབས་ཤུགས་རྒྱ་གར་རྒྱ་མཚོའི་སྟེང་སླེབས་ཡོད་པ་འདི་ལའང་རྒྱལ་ཁབ་མང་པོ་ཞིག་གིས་བློ་འཚབ་བྱ་དགོས་ཐུག་འདུག

XS
SM
MD
LG