ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་གྱི་གྲོང་ཁྱེར་ཁག་གི་མཁའ་རླུང་འབག་བཙོག


༄༅།།རྒྱ་གར་ལ་མི་འབོར་མང་བའི་གྲོང་ཁྱེར་ཆེ་ཁག་བརྒྱ་སྐོར་ཞིག་ཡོད་པ་དེ་དག་གི་མཁའ་རླུང་འབག་བཙོག་དང་འཐུང་ཆུ་གཙང་མ་མེད་པར་མི་དམངས་ཀྱི་བདེ་ཐང་ལ་གནོད་ཚབས་ཆེ་བ་དང་། རྒྱ་གར་དབུས་གཞུང་གིས་གྲོང་ཁྱེར་དེ་དག་གི་འགོ་ཁྲིད་ཚོར་མཁའ་རླུང་འབའ་བཙོག་ཉུང་དུ་གཏོང་དགོས་ཞེས་ལོ་གསུམ་གྱི་གོང་དུ་ནན་བརྗོད་བྱས་ཀྱང་ད་དུང་ཡང་གྲོང་ཁྱེར་ཉུང་ཤས་ཤིག་གིས་མ་གཏོགས་མཁའ་རླུང་འབག་བཙོག་ལ་བཀག་འགོག་ཇི་ལྟར་བྱ་དགོས་མིན་གྱི་འཆར་འགོད་བྱས་མེད་པ་རེད། ཕྱི་ཟླ་༥་ཚེས་༢་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་འཛམ་གླིང་མཁའ་རླུང་འབག་བཙོག་ཆེ་བའི་གྲོང་ཁྱེར་༡༤་འདུག་ཅེས་སྙན་ཐོ་བཏོན་པ་དང་། རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་བློན་ཆེན་གྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྙན་ཐོ་དེར་འཁོད་པ་ངོ་ཚ་དགོས་པ་ཞིག་ཡིན་རུང་ཡ་མཚན་དགོས་པ་ཞིག་མིན། རྒྱ་གར་རྒྱལ་ཡོངས་སུ་མཁའ་རླུང་འབག་བཙོག་བཀག་འགོག་བྱེད་ཀྱིན་ཡོད་པའི་གྲོང་ཁྱེར་༣༠་ཡང་མེད། མཐའ་མཇུག་རྒྱ་གར་གྱི་གྲོང་ཁྱེར་ཁག་ལ་མཁའ་རླུང་འབག་བཙོག་གི་དཀའ་ངལ་ཡོད་པ་སེལ་ཐུབ་རྒྱུ་ཡིན་མོད། ང་ཚོས་མཁའ་རླུང་འབག་བཙོག་བཀག་སྡོམ་བྱེད་ཐུབ་པའི་དུས་དེ་མ་ཤར་བར་དུ་སྒུག་དགོས་པར་ཡི་ཐང་ཆད་ཀྱི་འདུག དེའི་བར་དུ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་གར་གྱི་ཆེ་མཐོང་ལ་ལྟ་ཚུལ་ཧ་ཅང་ངན་པ་ཞིག་ཡོང་རྒྱུ་རེད་ཅེས་བཤད་འདུག

རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གིས་ལོ་འདིར་ཧིན་ཐེར་འབུམ་༧་འགྲོ་གྲོན་བཏང་ནས་རྡུལ་གནོན་ཆུ་གཏོར་འཕྲུལ་ཆས་ཉོ་རྒྱུ་དང་མཁའ་རླུང་འབག་བཙོག་གི་ཚད་གཞི་ཐོ་འགོད་བྱེད་པའི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་འཆར་ཡོད། རྒྱ་གར་གྱི་གྲོང་ཁྱེར་ཆུང་ཁག་ལ་མཁའ་རླུང་འབག་བཙོག་བཀག་འགོག་བྱེད་པའི་འཆར་གཞི་མེད་པ་དང་གྲོང་ཁྱེར་དེ་དག་གི་མང་ཆེ་བ་རྒྱ་གར་བྱང་ཕྱོགས་སུ་འདུག་ཅེས་བཤད་ཡོད་པ་རེད། རྒྱ་གར་གྱི་ཨུ་དྷར་པུར་དྷེ་ཤི་མངའ་སྡེའི་ཀན་པུར་གྲོང་ཁྱེར་ལ་མི་འབོར་ས་ཡ་༣་ཡོད་པ་དང་གྲོང་ཁྱེར་དེ་འཛམ་གླིང་གི་མཁའ་རླུང་ཆེས་འབག་བཙོག་ཆེས་སྡུག་ཤོས་ཀྱི་གྲོང་ཁྱེར་དེ་ཡིན་རུང་གྲོང་ཁྱེར་དེར་མཁའ་རླུང་བརྟག་དཔྱད་ཀྱི་མ་ལག་གཅིག་ལས་མེད། ཀན་པུང་གྲོང་ཁྱེར་ལ་ཉུང་མཐའ་ཡང་མཁའ་རླུང་འབག་བཙོག་བརྟག་དཔྱད་ཀྱི་མ་ལག་ལྔ་དགོས་ཀྱིན་འདུག་ཅེས་བཤད་ཡོད་པ་མ་ཟད། ཨ་མི་རི་ཀའི་མཁའ་རླུང་འབག་བཙོག་བརྟག་དཔྱད་ཁང་གིས་མཁའ་རླུང་གི་ཚད་གཞི་ཨང་གྲངས་ཀླད་གོར་ནས་༥༠་བར་ཡིན་ན་མཁའ་རླུང་གཙང་མར་བརྩི་ཆོག་པ་དང་། དེའི་ཡན་ཆད་བརྒལ་ན་མིའི་བདེ་ཐང་ལ་གནོད་པའི་ཚད་ཐིག་རེའུ་མིག་ལ་གཞིགས་ཚེ། ཀན་པུར་གྲོང་ཁྱེར་གྱི་མཁའ་རླུང་གཙང་བཙོག་གི་ཚད་གཞི་ནི་ཨང་གྲངས་༡༧༣་བརྒལ་ཡོད་ཅིང་། གད་སྙིགས་དང་བཟོ་གྲྭའི་བཙོག་སྙིགས་སོགས་ཀྱིས་གྲོང་ཁྱེར་དེའི་ཉེ་འགྲམ་དུ་རྒྱུག་པའི་ཆུ་བོ་གངྒ་ཡང་འབག་བཙོག་བྱས་ནས་མིའི་ལོངས་སྤྱོད་དང་ས་ཞིང་ལ་འདྲེན་གཏོང་བྱ་རྒྱུར་ཕན་ཐོགས་མེད་པར་གྱུར་ཡོད།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནི་འཛམ་གླིང་གི་མཁའ་རླུང་བཙོག་པ་སྡུག་ཤོས་ཨང་༦་ཡིན་པ་དང་། དགུན་ཁར་ལྡི་ལི་གསར་པའི་མཁའ་རླུང་འབག་བཙོག་ཆེ་བའི་དུས་སུ་སློབ་གྲྭ་ཁག་ཀྱང་སྒོ་བརྒྱབ་ནས་འཚོགས་ཐུབ་ཀྱི་མེད་པས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་ལ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ལ་མིག་དཔེ་བལྟས་ནས་མཁའ་རླུང་འབག་བཙོག་ལ་འཐབ་རྒོལ་བྱ་དགོས་ཞེས་ནན་སྐུལ་བྱས་འདུག འཛམ་གླིང་ཁྱོན་ཡོངས་སུ་ལོ་ལྟར་མི་གྲངས་ས་ཡ་༧་མཁའ་རླུང་འབག་བཙོག་གི་རྐྱེན་གྱིས་གློ་སྐྲན་དང་སྙིང་གི་ན་ཚ་ཕོག་ནས་འདས་གྲོངས་སུ་འགྱུར་གྱི་ཡོད་པ་དང་། མི་གྲངས་དེ་དག་གི་མང་ཆེ་བ་ཨེ་ཤི་ཡ་དང་ཨ་ཧྥི་རི་ཀའི་དབུལ་ཕོངས་རྒྱལ་ཁབ་ཁག་ཏུ་ཡོད། དབྱིན་ཇིའི་གསོ་རིག་དཔྱད་ཞིབ་དུས་དེབ་ཏུ་རྒྱ་གར་མི་དམངས་ལ་ན་ཚ་འབྱུང་གི་ཡོད་པའི་བརྒྱ་ཆ་༡༠་ཐམ་པ་མཁའ་རླུང་འབག་བཙོག་ཁོ་ནར་ཐུག་འདུག རྒྱ་གར་གྱི་མཁའ་རླུང་འབག་བཙོག་གི་འབྱུང་རྩ་གཙོ་བོ་ནི་རྡོ་སོལ་དང་བཟོ་གྲྭ རླངས་འཁོར་གྱི་དུ་བ་ནག་པོ་དང་གད་སྙིགས་མེར་སྲེག་བཏང་བ་བཅས་ལས་འབྱུང་གི་ཡོད་པ་རེད་ཟེར།།

XS
SM
MD
LG