ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༦/༢༥

རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྙན་ཐོ།


༄༅།། འཛམ་གླིང་རྒྱལ་ཁབ་ཁག་གི་ཚན་རིག་པ་ཚོས་འཛམ་གླིང་གི་སའི་གོ་ལའི་གཤམ་གཤིས་འགྱུར་ལྡོག་གི་སྙན་ཐོ་ཞིབ་ཕྲ་ཞིག་བཏོན་ནས་རྒྱལ་ཚོགས་ཀྱི་ལོ་འཁོར་རྒྱས་འཛོམས་ཚོགས་ཆེན་ལ་ཕུལ་ཞིང་། སྙན་ཐོ་དེར་ཧི་མ་ལ་ཡའི་གངས་རི་ནས་འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེ་བར་གྱི་འཁྱག་རོམ་རྣམས་མགྱོགས་མྱུར་གྱིས་ཞུ་བཞིན་འདུག ཞི་བདེ་རྒྱ་མཚོ་ནས་ནུབ་ཆེན་རྒྱ་མཚོ་སོགས་འཛམ་གླིང་གི་མཐའ་ཡས་རྒྱ་མཚོའི་ཆུ་རྣམས་ཚ་དྲོད་རྒྱས་པའམ། ཡང་ན་འབག་བཙོག་བྱས་ཏེ་མི་གྲངས་ས་ཡ་མང་པོའི་འཚོ་རྟེན་དུ་གྱུར་པའི་ཉ་རིགས་དང་མཚོར་གནས་སྲོག་ཆགས་ཀྱི་རིགས་རྣམས་རྩ་བརླག་ཏུ་འགྲོ་བཞིན་འདུག རྒྱ་མཚོའི་ཚ་དྲོད་རྒྱས་པ་དང་འཁྱག་རོམ་ཞུ་བ། གངས་རི་རྣམས་ཞུ་བཞིན་ཡོད་པའི་རྒྱུ་རྐྱེན་ནི་བཟོ་གྲྭ་དང་རླངས་འཁོར། གནམ་གྲུ་སོགས་ཀྱི་དུ་བ་ནག་པོ་རྣམས་བར་སྣང་ཁམས་སུ་གཏོང་རྒྱུ་མང་དྲགས་པས་རེད་ཅེས་བཀོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རེའི་རྒྱས་འཛོམས་ཚོགས་ཆེན་ལ་ཕུལ་བའི་སྙན་ཐོ་དེར་རྒྱལ་ཁབ་༣༦་གི་ཚན་རིག་པ་༡༠༠་ལྷག་གི་མཉམ་འབྲེལ་གྱིས་ཞིབ་འཇུག་བྱས་ནས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་པར་མ་ཟད། ཚན་རིག་པ་དེ་དག་གིས་འགྲོ་བ་མི་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་ཕྱི་ལོ་༢༠༣༠་བར་དུ་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་འགོག་མ་ཐུབ་ཚེ། ང་ཚོའི་འཛམ་གླིང་འདིར་ཆག་སྒོ་ཆེན་པོ་ཞིག་འབྱུང་རྒྱུ་ཡིན་པ་ལྡོག་ཐབས་དཀའ་ཞེས་ཉེན་བརྡ་བཏང་འདུག དེང་སྐབས་བཟོ་གྲྭ་དང་རླངས་འཁོར། གནམ་གྲུ་སོགས་ཀྱི་དུ་བ་ནག་པོ་དང་རྡོ་སོལ་གྱི་ནུས་ཤུགས་ལ་བརྟེན་པའི་གློག་ཁང་བརྒྱབ་པའི་སྟབས་ཀྱིས་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་ཆེ་རུ་སོང་སྟེ་གླིང་ཕྲན་མང་པོ་ཞིག་མཚོ་ནང་དུ་ནུབ་རྒྱུ་དང་ཐན་པ་ཇེ་ཆེ། ཆུ་ལོག་དང་རང་བྱུང་གི་ནགས་ཚལ་རྣམས་མེར་འཚིག་རྒྱུ། ཨ་ཧྥི་རི་ཀ་དང་རྒྱ་གར་སོགས་ཀྱི་མི་གྲངས་བྱེ་བ་མང་པོར་འཐུང་ཆུ་ཇེ་དཀོན་དུ་གྱུར་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།

ད་ཐེངས་ཀྱི་སྙན་ཐོ་འདི་འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་དང་བར་སྣང་། མཚོ་ནང་བཅས་ལ་ཞིབ་འཇུག་གཟབ་ནན་དང་བརྟག་དཔྱད་མཐིལ་ཕྱིན་པ་ཞིག་བྱས་ནས་སྙན་ཐོ་བཏོན་པ་ཞིག་ཡིན་པ་སྟེ། ཞིབ་འཇུག་སྙན་ཐོ་ཕྱོགས་སྒྲིག་ཚོགས་པའི་གཙོ་འཛིན་གཞོན་པས་སྙན་ཐོ་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་གནས་ཚུལ་ཞིབ་ཕྲ་དང་རྒྱས་པོ་ཞིག་བཀོད་པ་ཐེངས་དང་པོ་ཡིན། ང་ཚོས་འཛམ་གླིང་གི་རི་བོ་ཆེས་མཐོ་ཤོས་ནས་གོ་ལའི་ལྷོ་བྱང་གི་རྩེ་སྣེ་གཉིས་དང་ཟབ་ཡངས་ཀྱི་མཐའ་ཡས་རྒྱ་མཚོའི་འཇིངས་བཅས་ལ་ཞིབ་འཇུག་བྱས་པ་ཡིན། འཛམ་གླིང་གི་སའི་གོ་ལའི་སྐམ་རློན་གཉིས་ཀྱི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པའི་རྒྱུ་རྐྱེན་ནི་འགྲོ་བ་མིའི་བྱེད་ལས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ་ཀྱི་འདུག་ཅེས་བཤད། ཚན་རིག་པ་དེ་དག་གིས་གངས་རི་དང་འཁྱག་རོམ་རྣམས་ཞུ་ནས་རྒྱ་མཚོའི་ཆུའི་ཚད་གཞི་མཐོ་རུ་སོང་སྟེ་མཚོ་འགྲམ་ཁག་དང་གླིང་ཕྲན་ཁག་ཅིག་རྒྱ་མཚོའི་ནང་དུ་ནུབ་རྒྱུ་ཡིན་པ་འགོག་མི་ཐུབ་པའི་ཚོད་དེར་སླེབས་འདུག ཡིན་ནའང་མ་འོངས་པར་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ཀྱི་ཁ་ཕྱོགས་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ཁ་ཚོན་བཅད་ནས་བཤད་དཀའ། གལ་སྲིད་འགྲོ་བ་མི་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་རང་གི་འཚོ་བའི་གོམས་གཤིས་ལ་འགྱུར་བ་བཏང་ནས་རང་གི་གཞི་ཁྱིམ་རུ་གྱུར་པའི་སའི་གོ་ལ་འདིར་གཅེས་སྤྲས་བྱས་ན་ཆག་སྒོ་ཆེན་པོ་ཞིག་འབྱུང་རྒྱུ་ལྡོག་ཐུབ་པའི་རེ་བ་མེད་པ་ཞིག་མིན། ང་ཚོས་རང་གི་འཚོ་བའི་གོམས་སྲོལ་ལ་འགྱུར་བ་མ་བཏང་བར་རྒྱུན་འཁྱོངས་བྱས་ན་ང་ཚོ་འཚོ་གནས་བྱ་ཡུལ་སའི་གོ་ལ་འདི་སྔར་བཞིན་སྤྲོད་སྐྱིད་ལྡན་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་གི་ངང་དུ་རྒྱུན་གནས་ཐུབ་དཀའ་ཞེས་བཀོད།

ད་ལོའི་སྙན་ཐོ་འདིར་གོ་ལའི་ལྷོ་སྣེ་དང་བྱང་སྣེ། འཁྱག་གླིང་བཅས་ཀྱི་འཁྱག་རོམ་རྣམས་ཞུ་ན་རྒྱ་མཚོའི་ཆུའི་ཚད་གཞི་ཅི་ཙམ་མཐོ་རུ་འགྲོ་རྒྱུ་ཡིན་མིན་ལ་དམིགས་སུ་བཀར་ནས་ཞིབ་འཇུག་བྱས་འདུག དཔེར་ན་གོ་ལའི་ལྷོ་སྣེ་དང་བྱང་སྣེ། འཁྱག་གླིང་གི་འཁྱག་རོམ་རྣམས་ཞུ་ན་རྒྱ་མཚོའི་ཆུའི་ཚད་གཞི་སྤྱི་ཁྲུ་༢༠་ཐམ་པ་མཐོ་རུ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། དེ་ལྟར་བྱུང་ན་སྔོན་ཆད་ལོ་བརྒྱ་ཕྲག་རེའི་མཚམས་སུ་འབྱུང་སྲོལ་ཡོད་པའི་ཆུ་ལོག་ཆེན་པོ་རྣམས་༢༠༥༠་ཡས་མས་ནས་ལོ་ལྟར་བརྒྱུགས་ཏེ་འཛམ་གླིང་གི་མཚོ་འགྲམ་ཁག་དང་དམའ་ས་ཁག་ཏུ་ཆགས་པའི་མི་གྲངས་དུང་ཕྱུར་༦་དང་བྱེ་བ་༨་ལ་ཆགས་རྟེན་བྱ་ཡུལ་མེད་པར་འགྱུར་རྒྱུའི་ཉེན་ཀ་འདུག ད་དུང་འཛམ་གླིང་གི་གངས་རི་དང་ཁ་བ་ཆགས་ཡོད་པ་རྣམས་ཀྱང་རིམ་གྱིས་ཞུ་ནས་ཆུའི་ཐོན་ཁུངས་ཆད་རྒྱུའི་ཉེན་ཀ་ཆེ། འཛམ་གླིང་གི་གངས་རི་དང་ཁ་བ་ཆགས་ཡོད་པ་རྣམས་མེད་པར་གྱུར་ན་འཛམ་གླིང་གི་མི་མང་ས་ཡ་མང་པོར་འཐུང་ཆུ་དང་ཞིང་ཆུ་འདྲེན་གཏོང་གི་དམིགས་སྒོ་མེད་པས་འབྲུ་རིགས་ཀྱི་ཐོན་སྐྱེད་འགག་སྲིད་པའི་ཉེན་ཀ་འདུག་ཅེས་བཀོད།

འཛམ་གླིང་གི་སའི་གོ་ལའི་རྒྱ་ཁྱོན་བརྒྱ་ཆ་༧༡་རྒྱ་མཚོས་ཁེབས་ཡོད་པ་དང་རྒྱ་མཚོའི་ཆུའི་ཚ་དྲོད་རྒྱས་པའམ། མཚོ་ཆུ་ལ་འབག་བཙོག་བྱས་མེད་ས་གཅིག་ཀྱང་མི་འདུག འདི་དག་ཐམས་ཅད་འགྲོ་བ་མིའི་བྱེད་ལས་ལ་བརྟེན་ནས་བྱུང་བ་ཞིག་རེད། མཚོ་ཆུའི་ཚ་དྲོད་རྒྱས་པ་དང་མཚོ་ཆུ་འབག་བཙོག་ཅི་ཙམ་བྱས་ན་དེ་ཙམ་གྱིས་ཉ་རིགས་དང་མཚོར་གནས་སྲོག་ཆགས་ཀྱི་རིགས་རྣམས་འཚོ་གནས་མི་ཐུབ། ༡༩༧༠་ཡས་མས་ནས་འཛམ་གླིང་གི་རྒྱ་མཚོའི་ཆུ་རྣམས་ཚ་དྲོད་རྒྱས་རྒྱུ་དང་མཚོ་ཆུ་འབག་བཙོག་བྱ་རྒྱུ་མཚམས་ཆད་མི་འདུག རྒྱ་མཚོའི་ཚ་དྲོད་རྒྱས་པ་དང་མཚོ་ཆུ་འབག་བཙོག་བྱས་པའི་མཇུག་འབྲས་སུ་བྱུ་རུའི་སྡོང་པོ་སྐྱེ་ཡུལ་མང་ཆེ་བ་སྐམ་པ་དང་ནད་འབུ་ཕོག་འདུག་ཅེས་བཀོད། རྒྱ་མཚོའི་ཚ་དྲོད་རྒྱས་པ་དང་འཁྱག་རོམ་ཞུ་བ་བཞིན་པ་རྣམས་འགོག་ཐབས་བྲལ་བའི་ཚད་དེར་སླེབས་མོད། འོན་ཀྱང་བཟོ་གྲྭ་དང་རླངས་འཁོར། གནམ་གྲུ་དང་རྡོ་སོལ་གྱི་གློག་ཁང་སོགས་ཉུང་དུ་བཏང་ནས་སྲིད་གཞུང་ཁག་དང་མི་ཚང་མས་ཉི་གློག་དང་རླུང་ཤུགས། ཡང་རླུང་གི་ནུས་ཤུགས་ལ་བརྟེན་པའི་གློག་རྣམས་བཀོལ་སྤྱོད་བྱས་པ་ཡིན་ན་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་འགོག་ཐབས་གཏན་ནས་མེད་པ་ཞིག་མ་རེད་ཅེས་ལམ་སྟོན་བྱས་འདུག

XS
SM
MD
LG