ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འཛམ་གླིང་གསར་འགོད་རང་དབང་ཉིན་མོར་སྲུང་བརྩི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།ཕྱི་ཟླ་ལྔ་པའི་ཚེས་༣་ཉིན་ང་ཚོས་འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོར་སྲུང་བརྩི་བྱས་ནས་སྤྱི་ཚོགས་སྟེང་དུ་གནས་ཚུལ་ཇི་བཞིན་ཁྱབ་སྤེལ་བྱེད་པའི་གལ་ཆེན་གྱི་རང་བཞིན་དང་། གསར་ཁང་གི་ལས་བྱེད་དག་གིས་གནད་འགག་གི་ནུས་པ་ཐོན་བཞིན་པའི་གོ་རྟོགས་སྤེལ་དགོས། འཛམ་གླིང་གི་ས་ཁུལ་མང་པོ་ཞིག་ཏུ་གསར་ཁང་གི་གསར་འགོད་པ་དང་། རྩོམ་སྒྲིག་པ། པར་སྐྲུན་པ་སོགས་ལ་སོ་སོའི་ཆེད་ལས་སྒྲུབ་པ་འབའ་ཞིག་གི་རྐྱེན་གྱིས་སུན་གཙེར་དང་རྒོལ་རྡུང་། བཀག་ཉར། ཐ་ན་དམར་གསོད་བྱེད་པའི་གནས་ཚུལ་ཡང་འབྱུང་བཞིན་ཡོད། པར་སྐྲུན་ལ་ཚད་བཀག་དང་། དངུལ་ཆད་གཅོད་པ། བར་སྐབས་སུ་སྤེལ་མི་ཆོག་པའམ། ཡང་ན་གཏན་དུ་སྒོ་རྒྱག་ཏུ་བཅུག་པ་སོགས་ཀྱི་གནས་ཚུལ་འབྱུང་བཞིན་པ་ནི་ཡིད་སྐྱོ་དགོས་པའི་གནས་ཚུལ་དུ་ཟད།

དམངས་གཙོ་མེད་པ་དང་སྲིད་དབང་སྒེར་འཛིན་པའི་གཞུང་ཡོད་སར་སྲིད་གཞུང་ནི་གནས་ཚུལ་ཇི་བཞིན་ཁྱབ་སྤེལ་གཏོང་བར་བཀག་འགོག་བྱེད་མཁན་དུ་གྱུར་ཡོད། དེ་ནི་རང་དབང་དང་གནས་ཚུལ་ཇི་བཞིན་བརྗོད་པའི་གསར་འགྱུར་བརྒྱུད་ལམ་ནི་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་དང་། ངན་ཇུས་ཐེར་འདོན་བྱེད་མཁན། མང་ཚོགས་ལ་གནས་ཚུལ་མཁོ་སྤྲོད་ཞུ་མཁན་འབའ་ཞིག་ཡིན་པའི་རྐྱེན་གྱིས་ཡིན། གསར་འགོད་པ་རྣམས་ཀྱིས་སྲིད་གཞུང་དང་གནད་ཡོད་མི་སྣ་རྣམས་དྲང་པོ་བདེན་ཞིག་ཡོང་བའི་ཐབས་སུ་འབུངས། རང་དབང་ཅན་གྱི་གསར་ཁང་གིས་མང་ཚོགས་ལ་གནས་ཚུལ་མཁོ་སྤྲོད་དང་ཤེས་རྒྱ་གོང་འཕེལ་བཏང་སྟེ་མང་ཚོགས་ཀྱི་མངོན་འདོད་གཞི་རྩར་བཟུང་ནས་ཆབ་སྲིད་ཀྱི་ལམ་ལུགས་སྲུང་སྐྱོབ་བྱ་དགོས།

ལོ་འདིའི་བརྗོད་བྱ་གཙོ་བོ་ནི་དབང་ཆར་ལྟ་རྟོག་ཅེས་པ་དེ་ཡིན་ཞིང་། ཁྲིམས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཏེ་ཁྲིམས་ཞིབ་ལས་ཁུངས་ཀྱི་རང་དབང་རང་ཚུགས་ཀྱིས་གསར་འགོད་རང་དབང་ལ་སྲུང་སྐྱོབ་དང་གསར་འགོད་པ་ཚོར་གཞི་མེད་ཁྲིམས་འགལ་གྱི་ཉེས་འཛུགས་དང་ཁྲིམས་བཤེར་བྱ་རྒྱུ་ལས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སྟོན།

གསར་འགྱུར་ལས་ཁང་དག་གིས་མང་ཚོགས་ལ་གནས་ཚུལ་དག་ཅི་མ་ཇི་བཞིན་དུས་ཐོག་ཏུ་མཁོ་སྤྲོད་བྱེད་པར་མཐུན་རྐྱེན་ཁག་ཅིག་ངེས་པར་དུ་འཛོམས་དགོས། དེའི་གྲས་སུ་གུ་ཡངས་དང་གསར་ལམ་སྣ་མང་ཡོད་ཆོག་པའི་ཁྲིམས་ཀྱི་རྒྱབ་རྟེན་དགོས་པ་དང་། སྡེ་ཁག་དེ་ལ་རྒྱབ་སྐྱོར་བྱེད་པའི་ཆབ་སྲིད་ཀྱི་འདུན་པ་ཡོད་དགོས་པ། དྲ་ལམ་དང་དྲ་ལམ་མ་ཡིན་པ་སོགས་ནས་བསམ་བློ་རང་དབང་གི་ངང་དུ་བསྟན་ཆོག་པར་སྲུང་སྐྱོབ་བྱེད་པའི་ཁྲིམས་ཡོད་དགོས་ཤིང་། དེའང་ཁྲིམས་ཀྱིས་སྐྱོང་བའི་སྒྲིག་གཞིའི་འོག་ཏུ་སྲུང་སྐྱོབ་བྱེད་དགོས། དེ་བཞིན་དུ་གསར་འགྱུར་ཀློག་མཁན་རྣམས་ཚད་ཐིག་དེ་དག་འཛིན་ཐུབ་མཁན་ཞིག་ཡིན་དགོས་པ་བཅས་ཡིན།

འཛམ་གླིང་གསར་འགོད་རང་དབང་ཉིན་ང་ཚོས་གསར་ལམ་བཀག་འགོག་གམ། ཡང་ན་སྒོ་རྒྱག་རྒྱུའི་ཉེན་ཁར་འཕྲད་བཞིན་པའི་གསར་ཁང་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ། དེ་བཞིན་དུ་སོ་སོའི་ཆེད་ལས་བསྒྲུབས་པའི་རྒྱུད་རིམ་ཁྲོད་དུ་སྐུ་གཤེགས་པའི་གསར་འགོད་པ་རྣམས་ལ་གུས་འདུད་ཞུ། ང་ཚོས་རྒྱལ་ཁབ་ཡོངས་ལ་དྲ་ལམ་དང་དྲ་ལམ་མ་ཡིན་པའི་བརྒྱུད་ལམ་གང་རུང་གི་གསར་འགོད་རང་དབང་ལ་རྒྱབ་སྐྱོར་དང་། གསར་འགོད་པ་རྣམས་ལ་ཁྲིམས་འགལ་ཉེས་འཛུགས་བྱས་ཚེ་ཞིབ་བཤེར་དང་ཁྲིམས་སྦྱོར་བྱེད་དགོས་པའི་སྐུལ་འདེད་བྱ་དགོས།།

XS
SM
MD
LG