ངོ་འཕྲད་བདེ་བའི་དྲ་འབྲེལ།

འབྲུག་ཡུལ་ལ་རྒྱ་གར་གྱི་འཁོར་སྐར་ས་ཚིགས་གསར་འཛུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།རྒྱ་གར་གཞུང་གིས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ཡུལ་དུ་འཁོར་སྐར་ས་ཚིགས་གསར་པ་ཞིག་བཙུགས་ནས་མཁའ་དབྱིངས་འཐབ་ཇུས་ཀྱི་ལས་དོན་རྒྱ་སྐྱེད་གཏོང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དེ་རིང་ཕྱི་ཟླ་དང་པོའི་ཚེས་༣་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་གནས་ཚུལ་སྤེལ་བ་ལྟར་ན་སྤྱི་ལོ་༢༠༡༧་ལོར་རྒྱ་གར་གྱིས་ལྷོ་ཨེ་ཤེ་ཡའི་མངའ་ཁུལ་གྱི་འཁོར་སྐར་ཟེར་པའམ། ཡང་ན་ཕྱོགས་སྟོན་འཁོར་སྐར་༩་པ་ཟེར་པ་ཞིག་མཁའ་དབྱིངས་སུ་བཏང་བའི་རྗེས་སུ་རྒྱ་གར་གཞུང་གིས་རང་ལ་འབྲེལ་བ་བཟང་པོ་ཡོད་པའི་ལྷོ་ཨེ་ཤི་ཡའི་མངའ་ཁུལ་དུ་འཁོར་སྐར་གྱི་ས་ཚིགས་འཛུགས་ཀྱི་ཡོད་པ་དང་། འཁོར་སྐར་གསར་འཛུགས་ཀྱི་འཆར་གཞི་དེའི་གྲས་སུ་འབྲུག་ཡུལ་ལ་དངོས་སུ་འཁོར་སྐར་གྱི་ས་ཚིགས་འཛུགས་བཞིན་ཡོད་ཅིང་། ཟླ་བ་འདིའི་ཟླ་མཇུག་ཙམ་ལ་འཁོར་སྐར་གྱི་ས་ཚིགས་བཀོལ་སྤྱོད་གཏོང་ཐུབ་པ་ཞིག་ལ་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གསར་འགྱུར་རྣམས་རྒྱ་གར་དུས་བབ་ཚགས་པར་ལ་ཐོན་འདུག

རྒྱ་གར་གྱིས་འབྲུག་ཡུལ་དུ་འཛུགས་བཞིན་པའི་ཁོར་སྐར་ས་ཚིགས་འདིས་དམག་དོན་འཐབ་ཇུས་ཐོག་ཏུ་རྒྱ་གར་ལ་ཁེ་ཕན་འཐོབ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པའི་གསར་འགྱུར་ཞིག་ཁ་སང་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཚགས་པར་ལའང་ཐོན་ཞིང་། རྒྱ་གར་གྱིས་རང་གི་ཉེ་འཁོར་གྱི་མངའ་ཁུལ་དེར་རྟོག་ཞིབ་འཁོར་སྐར་བཙུགས་ནས་བོད་ཀྱི་སྟོད་མངའ་རིས་ཕྱོགས་དང་རྒྱ་དཀར་ནག་གི་སྟངས་འཛིན་ས་མཚམས་ནས་རྒྱང་ཁད་སྤྱི་ལེ་༡༢༥་ཡས་མས་ཤིག་གི་མཚམས་སུ་འཛུགས་ཀྱི་ཡོད་པ་ཞིག་རེད། རྒྱ་གར་གྱི་གསར་འགྱུར་རྒྱུད་ལམ་ཁག་ཏུ་སྟོད་མངའ་རིས་སུ་བཙུགས་པའི་རྒྱ་ནག་གི་འཁོར་སྐར་ས་ཚིགས་དེས་རྒྱ་གར་གྱི་འཁོར་སྐར་ཁག་ལ་རྟོག་ཞིབ་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་གར་གྱི་འཁོར་སྐར་རྣམས་ལོང་བ་ལྟར་སྒྱུར་ཐུབ་པའི་ནུས་པ་འདུག རྒྱུ་མཚན་དེ་ལ་བརྟེན་ནས་འབྲུག་ཡུལ་དུ་བཙུགས་པའི་རྒྱ་གར་གྱི་འཁོར་སྐར་ས་ཚིགས་དེས་རྒྱ་ནག་གི་འཁོར་སྐར་ནུས་པར་གདོང་ལེན་བྱ་རྒྱུའི་འཐབ་ཇུས་ཤིག་འཛིན་གྱི་ཡོད་ཅེས་བཀོད།།

སྤྱི་ལོ་༢༠༡༧་ལོའི་སྤྱི་ཟླ་༧་པ་དང་ཕྱི་ཟླ་༨་པའི་ནང་དུ་འབྲུག་དང་བོད། རྒྱ་གར་གསུམ་གྱི་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་གདོང་གཏུག་འབྱུང་གྲབས་ཀྱི་ཛ་དྲག་བྱུང་བའི་རྗེས་སུ་འབྲུག་ཡུལ་ལ་རྒྱ་གར་གྱི་འཐབ་ཇུས་ལས་དོན་རྒྱ་སྐྱེད་གཏོང་གི་ཡོད། འོན་ཀྱང་འཁོར་སྐར་ས་ཚིགས་དེས་འབྲུག་རྒྱལ་ཁབ་ཀྱི་འཛིན་སྐྱོང་དང་དངུལ་ཁང་གི་སྲི་ཞུ། ཤེས་ཡོན་སློབ་གསོ་དང་ཞིང་ལས་སོགས་ལ་ཕན་ཐོགས་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

དེ་རིང་གཟའ་ཕུར་བུའི་ཉིན་འབྲུག་གི་གསར་འགྱུར་ཀུན་གསལ་ཚགས་པར་གྱི་དྲྭ་ལམ་དུ་གནས་ཚུལ་སྤེལ་དོན་ལྟར་ན་རྒྱལ་ཁབ་དེའི་སྲིད་བློན་འབུམ་རམས་པ་བློ་གྲོས་ཚེ་རིང་གིས་སྐབས་༡༢་པའི་ལོ་ལྔའི་འཆར་འགོད་ཁོངས་སུ་རྒྱ་གར་གྱིས་ཆ་རྐྱེན་གང་ཡང་མེད་པར་འབྲུག་ཡུལ་ལ་རྒྱབ་སྐྱོར་ཟེར་པ་ཞིག་འཁོད་ཡོད་ཅེས་བཤད་འདུག བདུན་ཕྲག་སྔོན་མར་སྲིད་བློན་བློ་གྲོས་ཚེ་རིང་རྒྱ་གར་ལ་འཚམས་འདྲིར་ཕེབས་ནས་སྲིད་བློན་ན་རེན་དྷ་ར་མོ་དྷི་ལ་ཐུག་འཕྲད་གྲོས་མོལ་བྱས་འདུག

དེ་རིང་འབྲུག་གི་ཀུན་གསལ་གསར་འགྱུར་ནང་དུ་འབྲུག་ཡུལ་ལ་རྒྱ་གར་གྱི་འཁོར་སྐར་ས་ཚིགས་འཛུགས་རྒྱུ་གང་ཡང་བཤད་མེད་ཀྱང་སྲིད་བློན་བློ་གྲོས་ཚེ་རིང་གིས་གལ་ཏེ་བྱུང་ན་ཡོ་ཆས་དང་འཕྲུལ་རྩལ་གྱི་ལམ་ནས་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཀྱང་ཚད་མཐོ་རུ་གཏོང་དགོས་ཞེས་ངས་རྒྱ་གར་གྱི་སྲིད་བློན་ལ་ཞུས་པ་ཡིན་ཞེས་བརྗོད་པ་གསར་འགྱུར་ལས་ཁུངས་དེའི་དབྱིན་ཡིག་དྲྭ་ལམ་དུ་ལུང་འདྲེན་བྱས་འདུག གོང་ཞུས་འབྲུག་ཡུལ་གྱི་གསར་འགྱུར་དེར་རྒྱ་གར་གཞུང་གིས་འབྲུག་ཡུལ་གྱི་ལོ་ལྔ་ཚན་༡༢་པའི་འཆར་གཞིའི་ཁོངས་སུ་དངུལ་སྒོར་ཐེར་འབུམ་༤༥་རོགས་རམ་སྤྲོད་རྒྱུ་དང་། འབྲུག་ནས་རྒྱ་གར་ལ་ནང་འདྲེན་བྱེད་པའི་ཐོན་རྫས་ལ་སྒོ་ཁྲལ་མཐོ་རུ་གཏོང་རྒྱུའི་མོས་མཐུན་བྱས་ཡོད་ཅེས་བཀོད་ཡོད་པ་རེད།།

བདུན་ཕྲག་སྔོན་མར་རྒྱ་གར་དང་འབྲུག་ཡུལ་གཉིས་ཀྱི་སྲིད་བློན་རྣམ་པ་རྒྱ་གར་དུ་ཐུག་འཕྲད་བྱས་རྗེས་སྲིད་བློན་མོ་དྷིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ་འབྲུག་ཡུལ་དུ་འཁོར་སྐར་ས་ཚིགས་འཛུགས་རྒྱུའི་གསལ་བསྒྲགས་སྤེལ། ཁོང་གིས་མཁའ་དབྱིངས་ཚན་རྩལ་ནི་ང་ཚོ་རྒྱལ་ཁབ་གཉིས་མཉམ་འབྲེལ་ཡར་རྒྱས་གཏོང་བའི་ལམ་བུ་གསར་པ་ཞིག་ཡིན། ལས་གཞི་འདི་འཛུགས་སྐྲུན་ལེགས་གྲུབ་ཟིན་རྗེས་འབྲུག་ཡུལ་གྱི་གནམ་གཤིས་སྔོན་བརྡ་དང་སྨན་བཅོས། གོད་ཆག་གི་ཉེན་སྐྱོབ་སོགས་ལ་ཕན་ཐོགས་ཡོང་གི་རེད་ཅེས་བརྗོད་ཡོད་པ་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཀྱིས་ལུང་འདྲེན་བྱས་འདུག

ད་ལྟའི་ཆར་རྒྱ་གར་གྱི་ལྷོ་ཨེ་ཤི་ཡའི་འཁོར་སྐར་ཟེར་པའི་ལས་གཞི་དེའི་ཁོངས་སུ་འབྲུག་དང་བལ་ཡུལ། བྷང་ག་ལ། སིངྒ་ལ། མལ་ཊིབ་རྒྱལ་ཁབ། ཨབ་གྷ་ཎི་སི་ཐན་བཅས་འདུས་ཀྱང་པ་ཀི་སི་ཐན་དེའི་ཁོངས་སུ་བཅུག་མེད། སིངྒ་ལ་དང་བྷང་ལ་གཉིས་ཀྱིས་རང་གི་ས་ཐོག་ཏུ་འཁོར་སྐར་ས་ཚིགས་འདུག་པར་རྒྱ་གར་གྱི་འཕྲུལ་རྩལ་རོགས་རམ་ཞུ་བ་དང་ས་ཚིགས་ངོ་མ་ནི་སོ་སོ་རང་གིས་སྒྲུབ་ཀྱི་ཡོད་པ་རེད།།

XS
SM
MD
LG