ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབར་མའི་ནང་གི་རྒྱ་ནག་གི་ཤུགས་རྐྱེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


དེང་སྐབས་རྒྱ་ནག་གིས་ཨེ་ཤེ་ཡའི་ནང་གི་ཉེ་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་དག་གི་ནང་དུ་སྲིད་འབྱོར་རིག་གསུམ་གང་ཅིའི་ཐད་ནས་བཟང་ངན་གཉིས་ཀྱི་ཤུགས་རྐྱེན་ཆེན་པོི་སླེབས་ཀྱི་ཡོད་པ་བཞིན་འབར་མ་ཡང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཐེབས་སའི་རྒྱལ་ཁབ་ཞིག་ཆགས་ཡོད་པ་རེད། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད་པ་ལྟར་ན་རྒྱ་ནག་གི་ཕྱི་མི་གནས་སྤོ་བ་མང་པོ་འབར་མའི་ནང་སླེབས་ཏེ་ད་ལྟ་འབར་མའི་ནང་དུ་རྒྱ་མི་ས་ཡ་གཅིག་དང་འབུམ་དྲུག་ལྷག་ཡོད་པ་དང་། སྤྱིར་བཏང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་གཞན་ཁ་ཤས་དང་བསྡུར་ན་བལྟོས་བཅས་ཀྱིས་འབར་མའི་ནང་རྒྱ་ནག་གི་མི་འབོར་ཉུང་ན་ཡང་། ད་ལྟ་འབར་མའི་ནང་དུ་བཟང་ངན་གཉིས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། འབར་མ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་སྟེ་མན་ཊེ་ལེ་ལྟ་བུར་མཚོན་ན་འབར་མའི་ལོ་རྒྱུས་སྟེང་གི་རྒྱལ་རབས་མཐའ་མའི་རྒྱལ་ས་ཡིན་པས། གྲོང་ཁྱེར་འདི་ནི་འབར་མའི་སྲོལ་རྒྱུན་གྱི་ཆོས་དང་རིག་གཞུང་རྒྱུད་འཛིན་བྱས་པ་ཆེས་ལེགས་ཤིང་འབར་མ་རང་གི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་འདུ་འགོད་ཆེན་པོ་ཡོད་ས་ཞིག་ཡིན་ནའང་འདས་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་རྒྱ་མི་མང་པོ་འབར་མའི་གྲོང་ཁྱེར་འདིའི་ནང་དུ་གནས་སྤོི་བྱས་ཏེ་མན་ཊེ་ལེ་ནི་ད་ལྟ་འབར་མའི་ནང་གི་རྒྱ་མི་མང་ཤོས་ཀྱི་གྲོང་ཁྱེར་དུ་ཆགས་ཡོད་པས་རྒྱ་གྲོང་ཅེས་པའི་མིང་གི་འབོད་སྲོལ་ཤིག་ཀྱང་ཆགས་ཡོད་པ་རེད། ད་ལྟ་གྲོང་ཁྱེར་འདིའི་ནང་རྒྱ་ནག་གི་བཟོ་དབྱིབས་བཏོད་པའི་ལྷ་ཁང་མཐོང་རྒྱུ་ཡོད་པ་མ་ཟད་ག་ས་གང་དུ་རྒྱ་ནག་གི་གླུ་གཞས་རོལ་མོ་སོགས་གཏོང་བ་དང་། རྒྱའི་སྲོལ་རྒྱུན་གྱི་ཐེད་ཅིས་ཆོན་ཅེས་པའི་ལུས་རྩལ་སྦྱོང་ས་སོགས་མཐོང་རྒྱུ་ཡོད་པ་འདིས་གྲོང་ཁྱེར་འདིའི་ནང་དུ་རྒྱ་ནག་གི་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མཚོན་ཐུབ་པ་དང་། གྲོང་ཁྱེར་འདིའི་ནང་གི་འབར་མ་བས་བརྗོད་ན། ད་སྔ་འབར་མའི་ཁྱད་ཆོས་མངོན་པར་མཚོན་ཐུབ་པའི་གྲོང་ཁྱེར་འདིའི་ནང་དུ་འབར་མ་རང་གི་སྲོལ་རྒྱུན་གྱི་ལུགས་སྲོལ་དག་ཉམས་བཞིན་པ་དང་། དེ་ཡང་རྒྱུ་མཚན་གཙོ་བོ་ཞིག་ནི་རྒྱ་མི་མང་པོ་གྲོང་ཁྱེར་འདིའི་ནང་དུ་གནས་སྤོས་ནས་ཁོ་ཚོས་རྒྱ་ནག་གི་རིག་གནས་ཀྱི་ཁྱད་ཆོས་རྩལ་དུ་བཏོན་པས་འབར་མ་རང་གི་སྲོལ་རྒྱུན་རིག་གནས་ཉམས་ཞན་དུ་བཏང་ཡོད་པ་དང་། འབར་མའི་ནང་དུ་ཡོད་པའི་རྒྱ་མི་ཚོའི་གྲས་སུ་རྒྱུ་ཆེན་མང་བས་ཁོ་ཚོར་རང་བཞིན་གྱིས་དབང་ཆ་ཡང་ཆེན་པོ་ཆགས་འདུག་ཅེས་གསར་འགོད་པར་བརྗོད་འདུག འབར་མའི་གྲོང་ཁྱེར་མན་ཊེ་ལེ་ནས་རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་ཁོངས་བར་དུ་སྤྱི་ལེ་སུམ་བརྒྱ་ཡི་བར་ཐག་མ་གཏོགས་མེད་པས་གྲོང་ཁྱེར་འདི་ནི་ཚོང་འབྲེལ་དང་འགྲིམ་འགྲུལ་གང་གི་ཆ་ནས་ཀྱང་རྒྱ་ནག་དང་འབྲེལ་བ་ཆེན་པོ་ཡོད་ས་ཞིག་ཡིན་པ་དང་། དེ་དང་བསྟུན་ནས་རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་གྱི་ཤུགས་རྐྱེན་ཡང་རང་བཞིན་གྱིས་འབར་མའི་ནང་སླེབས་ཀྱི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གིས་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱ་བསྐྱེད་ཐབས་ཀྱི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ཀྱིས་འབར་མའི་ནང་སྔར་ལས་ལྷག་པའི་སྟོབས་ཤུགས་རྒྱ་བསྐྱེད་སྲིད་པའི་ཚོད་དཔག་ཡང་བྱེད་བཞིན་པ་རེད། འདི་ལྟར་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་དུ་སོ་སོའི་ནུས་སྟོབས་རྒྱ་བསྐྱེད་པ་ཡིས་རྒྱལ་ཁབ་དེ་གའི་ནང་དུ་ཁོར་ཡུག་གཏོར་བཤིག་དང་། རིག་གནས་ཉམས་དམས་སུ་གཏོང་བ་སོགས་ཀྱི་བཙན་འཛུལ་གྱི་རྣམ་པ་འདིར་འབར་མའི་ནང་དུའང་མི་མང་པོས་དགའ་མོས་བྱེད་ཀྱི་མེད་པ་མ་ཟད་ཁོང་ཁྲོ་བསླངས་ནས་སྐྱོན་བརྗོད་བྱེད་མཁན་ཡང་བྱུང་གི་ཡོད་པ་རེད། ད་ལྟ་གྲོང་ཁྱེར་འདིའི་ནང་གི་ཁེ་གཉེར་བ་ཆེ་ཤོས་བཅུ་ཡི་གྲས་ཀྱི་བདུན་རྒྱ་མི་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་གྱི་བརྒྱ་ཆའི་དྲུག་བཅུར་རྒྱ་མིས་ཁ་ལོ་བསྒྱུར་གྱི་ཡོད་པ་བཅས་ཀྱིས་ད་ལྟ་་གྲོང་ཁྱེར་ནང་རྒྱ་ནག་གི་ཕྱི་མི་གནས་སྤོ་བར་དགའ་མོས་བྱེད་ཀྱི་མེད་པའི་སྐོར་དེ་མི་རྣམས་ཀྱི་གླེང་གཞི་ཆེ་ཤོས་ཤིག་ཆགས་སྟེ་མན་ཊེ་ལེ་ནི་རྒྱ་ནག་དང་མཉམ་སྦྲེལ་བྱས་པའི་རྒྱལ་ཕྲན་ཞིག་རེད་ཅེས་དང་། རྒྱ་ནག་ཡུན་ནན་གྱི་མན་ཊེ་ལེ་བཅས་པ་སོགས་ཀྱི་ཟུར་ཟ་བྱས་ཡོད་པའི་རི་མོ་འབྲི་བ་དང་། ཟློས་གར་འཁྲབ་སྟོན་སོགས་ཀྱང་བྱས་ཡོད་པ་རེད།

XS
SM
MD
LG