ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིས་ཅིན་ཕིང་དང་མོ་དྷིའི་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།སྔ་ལོར་འབྲོག་ལམ་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱིས་དམག་དཔུང་འགྲེམ་འཇོག་བྱས་ནས་ཉི་མ་༧༣་ལ་དམག་འཁྲུག་གི་ཉེན་ཁ་བྱུང་བ་དང་། དེ་ནས་བཟུང་སྟེ་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་སོང་ནས་ཕྱོགས་གཉིས་ལ་མི་མཐུན་པའི་འགལ་ཟླ་ཆེན་པོ་བྱུང་ཞིང་། གཟའ་འཁོར་འདིར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་ན་རན་དྷ་ར་མོ་དྷི་གཉིས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཐུག་འཕྲད་ཀྱིས་ཞིས་ཅིན་ཕིང་དང་མོ་དྷི་གཉིས་ཀྱིས་རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་གཏོང་དགོས། ཨེ་ཤི་ཡ་དང་འཛམ་གླིང་ཡོངས་ལ་ཞི་བདེ་བསྐྲུན་ནས་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་ནན་བརྗོད་བྱས་འདུག

ཕྱི་ཟླ་༤་ཚེས་༢༩་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་གར་གྱི་སྲིད་བློན་ན་རན་དྷ་ར་མོ་དྷིར་ཝུ་ཧན་གྲོང་ཁྱེར་དུ་སྣེ་ལེན་གཟབ་རྒྱས་ཞུས་ནས་དངོས་གཞི་མིན་པའི་ཐུག་འཕྲད་གྲོས་མོལ་དེའི་སྐབས་སུ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་དང་། སྲིད་བློན་མོ་དྷིས་རྒྱ་དཀར་ནག་གཉིས་ལ་དུས་རབས་མང་པོར་མཛའ་འབྲེལ་ཞིག་ཚུགས་ཡོད་པ་རིན་ཐང་ཆེན་པོ་ཡིན། རྒྱ་དཀར་ནག་གཉིས་ཀྱིས་མཉམ་འབྲེལ་བྱས་ན་གོ་སྐབས་ཆེན་པོ་དང་ཕྱོགས་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྒྲུབ་ཐུབ་ཅེས་བཤད་ཡོད་པ་མ་ཟད། ༡༩༣༩་ནས་༤༠་ཐམ་པའི་བར་དུ་རྒྱ་གར་གྱི་སྙན་ངག་པ་གྲགས་ཅན། ར་བྷིན་དྷྲ་ན་ཐ་ཊེ་གྷོར་གྱི་ཤནྟི་ནི་ཀེ་ཏན་སློབ་གླིང་དུ་བཞུགས་པའི་རྒྱ་ནག་གི་རི་མོ་མཁས་པ་ཤུའི་པེ་ཧོང་གིས་བྲིས་པའི་རི་མོ་གཉིས་ཀྱི་ངོ་བཤུས་ཤིག་སྲིད་བློན་མོ་དྷིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ལག་རྟགས་ཕུལ་ཏེ། ༢༠༡༩་ལོར་ཡང་རྒྱ་དཀར་ནག་གི་འགོ་ཁྲིད་ཚོ་དངོས་གཞི་མ་ཡིན་པའི་ཐུག་འཕྲད་བྱུང་ན་དགའ་བསུ་ཡོད་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཁུང་ཞོན་ཡུག་གིས་རྒྱ་དཀར་ནག་གཉིས་ཀས་ཁྱིམ་མཚེས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་བའི་ལམ་སྟོན་སྲིད་ཇུས་ཡག་ཏུ་གཏོང་རྒྱུ་ཡིན་ཞེས་བཤད་ཀྱང་ཁྱིམ་མཚེས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་བའི་ལམ་སྟོན་སྲིད་ཇུས་ཟེར་ན་ཅི་ཞིག་ལ་གོ་དགོས་མིན་ཁུང་ཞོན་ཡུག་གིས་འགྲེལ་བཤད་ཞིབ་ཕྲ་ཞིག་བརྒྱབ་མེད། ད་དུང་རྒྱ་ནག་གཞུང་གིས་པ་ཀི་སི་ཐན་དང་བལ་ཡུལ། བྷང་ག་ལ་དང་སིངྒ་ལ་བཅས་ལ་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་བཙུགས་ནས་དཔལ་འབྱོར་དང་ཚོང་ལས། དམག་དོན་བཅས་ཀྱི་འབྲེལ་བ་རྒྱ་སྐྱེད་བཏང་སྟེ་རྒྱ་གར་གཞུང་ལ་བློ་འཚབ་ཆེན་པོ་ཡོད་པའི་སྐོར་ལའང་རྒྱ་ནག་གཞུང་གིས་གསལ་བཤད་བྱས་མེད་ཅིང་། ཐེངས་འདིར་རྒྱ་དཀར་ནག་གི་འགོ་ཁྲིད་ཚོ་ཝུ་ཧན་གྲོང་ཁྱེར་དུ་ཐུག་འཕྲད་བྱས་པའི་དགོས་པ་གཙོ་བོ་ཞིག་འབྲོག་ལམ་ས་ཁུལ་དུ་འགྲེམ་འཇོག་བྱེད་ཡོད་པའི་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་ཕྱིར་འཐེན་བྱ་ཐབས་དང་རྒྱ་དཀར་ནག་གི་བར་དུ་ཡིད་ཆེས་བསྐྲུན་རྒྱུའི་ཆེད་དུ་ཡིན་མོད། འོན་ཀྱང་༢༠༡༧་ནས་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་རྒྱ་དཀར་ནག་གི་དམག་དཔུང་རྣམས་ཕྱིར་འཐེན་བྱེད་ཐུབ་ཀྱི་མེད། ༢༠༡༣་ལོར་རྒྱ་དཀར་ནག་གཉིས་ཀས་ཕན་ཚུན་གཅིག་གི་ས་མཚམས་སྐོར་གཡེང་དམག་ལ་ཅིག་ཤོས་ཀྱིས་རྗེས་འདེད་བྱེད་མི་ཆོག་པའི་གྲོས་མཐུན་བཞག་པའང་ལག་ལེན་བསྟར་གྱི་མེད་པ་དང་། དེང་སྐབས་རྒྱ་གར་གྱི་ལ་དྭགས་ནས་མོན་རྟ་དབང་བར་དུ་རྒྱ་དཀར་ནག་གཉིས་ལ་ས་མཚམས་ཀྱི་རྩོད་གཞི་འབྱུང་ས་ཁག་༢༣་ཡོད་པས་རྒྱ་དཀར་ནག་གི་མཐའ་མཚམས་སྐོར་གཡེང་དམག་ལ་རྟག་ཏུ་ཕན་ཚུན་རྗེས་འདེད་བྱེད་རེས་ཀྱི་གནས་ཚུལ་འབྱུང་། ༢༠༡༧་ལོར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ས་མཚམས་བརྒལ་ནས་རྒྱ་གར་གྱི་ས་ཐོག་ཏུ་སིམ་འཛུལ་ཐེངས་༤༢༦་བྱས་སོང་། ༢༠༡༨་འགོ་ཚུགས་ནས་བཟུང་སྟེ་རྒྱ་དཀར་ནག་གི་དམག་རྣམས་ས་མཚམས་ཁག་ཏུ་གདོང་ཐུག་རྒྱག་གྲབས་ལན་མང་བྱུང་ཡོད་ཅེས་རྒྱ་གར་གྱི་ཉམས་ཞིབ་པ་ཚོས་གནས་ཚུལ་སྤེལ་འདུག

ཉེ་ཆར་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཚོགས་པའི་ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གིས་པ་ཀི་སི་ཐན་ནས་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁ་ཛག་སི་ཐན་དང་ཀིར་ཀི་སི་ཐན། ཏ་ཇིཀ་སི་ཐན་དང་ཨུ་སུ་བྷེ་ཀི་སི་ཐན་རྣམས་བརྒྱུད་ནས་མཐར་ཨུ་རུ་སུ་བར་དུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་པར་རྒྱ་གར་གྱིས་མོས་མཐུན་བྱས་མེད་པ་དང་། ལྷག་པར་དུ་པ་ཀི་སི་ཐན་གྱི་དབང་སྒྱུར་འོག་ཏུ་ཡོད་པའི་ཀ་ཤི་མིར་བརྒྱུད་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་རྒྱ་གར་གྱིས་ངོ་རྒོལ་བྱས་པ་ཡོད། དེར་བརྟེན་ཞིས་ཅིན་ཕིང་དང་སྲིད་བློན་མོ་དྷི་གཉིས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱས་ནས་༢༠༡༥་ལོར་གྲོས་མཐུན་བྱུང་བའི་ཕྱོགས་གཉིས་དམག་གི་ཛ་དྲག་ཁ་པར་འཛུགས་རྒྱུ་ལག་ལེན་བསྟར་སྲིད་པ་དང་། ལོ་ཤས་གོང་དུ་འགོ་བཙུགས་པའི་རྒྱ་དཀར་ནག་གི་དམག་དཔུང་མཉམ་འབྲེལ་དང་དཔུང་པ་མཉམ་གཤིབ་ཀྱི་དམག་སྦྱོང་ཞེས་པ་སླར་གསོ་བྱ་དགོས་པའི་གྲོས་མཐུན་བྱུང་བ་ཙམ་ལས་ཞིས་ཅིན་ཕིང་དང་ན་རན་དྷ་ར་མོ་དྷིའི་ཝུ་ཧན་གྱི་ཐུག་འཕྲད་གྲོས་མོལ་ལ་གཟེངས་སུ་མཐོ་བའི་གྲུབ་འབྲས་ཤིག་ཐོན་མེད་དོ།།

XS
SM
MD
LG