༄༅།། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཡུ་གུར་བ་སྟེ། ཤར་ཏུར་ཀི་སི་ཐན་གྱི་མི་རིགས་རྟོགས་སད་ལས་འགུལ་ཚོགས་པས་ཤར་ཏུར་གི་སི་ཐན་ནམ། ཡང་ན་ཞིན་ཅང་ཞེས་འབོད་པའི་ས་ཁུལ་དེར་རྒྱ་ནག་གཞུང་གིས་ཡུ་གུར་བ་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ཁག་བཀག་ཉར་བྱ་ཡུལ་བཀག་ཉར་ཁང་༥༠༠་མ་ཟིན་ཙམ་ཞིག་བཙུགས་འདུག་ཅེས་ཁ་སང་སྤྱི་ཟླ་༡༡་པའི་ཚེས་༡༣་ཉིན་གསལ་བསྒྲགས་སྤེལ་འདུག
ཚོགས་པ་དེའི་ཚོགས་གཙོ་ས་ལེ་ཧུ་བྷད་ཨར་དབྱིས་ང་ཚོས་འདས་པའི་ལོ་ངོ་བཞིའི་རིང་ལ་ཞིན་ཅང་དུ་ཡོད་པའི་བཀག་ཉར་ཁང་༥༠༠་ཡས་མས་ཤིག་ལ་རིགས་དང་དབྱེ་བ་བཀར་པ་ཡིན། བཀག་ཉར་ཁང་དེ་དག་གི་གྲས་སུ་བཙོན་ཁང་༢༠༩་དང་གཅིག་བསྡུས་བཙོན་སྒར༡༨༢་འདུག ངལ་རྩོལ་སྒྱུར་བཀོད་ཁང་༧༤་བཅས་བསྡོམས་ཞིན་ཅང་གི་ཡུ་གུར་བ་བཀག་ཉར་བྱ་ཡུལ་བཀག་ཉར་ཁང་༥༠༠་མ་ཟིན་ཙམ་ཞིག་ཡོད་ཅིང་། ད་དུང་ཡང་དངོས་ཡོད་ཀྱི་གྲངས་ཀ་གསལ་པོ་ཞིག་ཤེས་རྟོགས་ཐུབ་མ་སོང་། ང་ཚོས་ཚོད་དཔག་བྱས་ན་ཞིན་ཅང་དུ་ཡོད་པའི་བཀག་ཉར་ཁང་གི་གྲངས་ཀ་ནི་འདི་ལས་ཀྱང་མང་བ་ཡོད་སྲིད། གྲངས་ཀ་༥༠༠་ལོངས་བ་ཙམ་ཡོད་པ་རྣམས་ད་སྔ་ང་ཚོས་ཤེས་རྟོགས་བྱུང་བ་གཅིག་པུ་ཡིན་ཞེས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད།
གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འཁོད་པ་ལྟར་ན་ཡུ་གུར་བའི་རྟོགས་སད་པ་ཚོས་ཤེས་རྟོགས་བྱུང་བའི་བཀག་ཉར་ཁང་རྣམས་གྷོའུ་གྷོལ་འཁོར་སྐར་གྱིས་འདྲ་པར་བླངས་པ་གཞི་ལ་བཞག་ནས་ལོ་ངོ་བཞིའི་རིང་ལ་ཞིབ་བསྡུར་དང་འཚོལ་བཤེར་བྱས་ཏེ་གྲངས་ཀ་འདི་དག་ཤེས་རྟོགས་བྱུང་བ་ཞིག་ཡིན་ཞིང་། ད་སྔ་ཉམས་ཞིབ་པ་ཁ་ཤས་ཀྱིས་ཞིན་ཅང་དུ་ཡོད་པའི་བཀག་ཉར་ཁང་གི་གྲངས་ཀ་དེ་༡༠༠༠་ཡས་མས་ཤིག་གམ། ཡང་ན་དེ་ལས་མང་བ་ཞིག་ལོངས་སྲིད་པའི་གླེང་སློང་བྱེད་མཁན་བྱུང་མྱོང་། ཤར་ཏུར་ཀི་སི་ཐན་རྒྱལ་ཁབ་ཀྱི་མི་རིགས་རྟོགས་སད་ལས་འགུལ་ཚོགས་པས་སྤེལ་བའི་གསལ་བསྒྲགས་དེར་བཀག་ཉར་ཁང་མང་ཆེ་བ་ཞིག་ནི་ད་སྔ་ཤེས་རྟོགས་བྱུང་མེད་པའི་བཀག་ཉར་ཁང་ཁག་ཅིག་ཡིན་སྟབས་ད་དུང་ཡང་ཞིན་ཅང་དུ་ཤེས་རྟོགས་བྱུང་མེད་པའི་བཀག་ཉར་ཁང་མང་པོ་ཡོད་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད། ད་སྔ་ཉམས་ཞིབ་པ་ཁ་ཤས་ཀྱིས་ཤེས་རྟོགས་བྱུང་བ་ནི་ཞིན་ཅང་དུ་ཡོད་པའི་བཀག་ཉར་ཁང་དེ་དག་གི་ཕྱེད་ཀ་མ་གཏོགས་ངོས་ཟིན་མེད་པ་འདྲ་ཞེས་ལྟ་ཚུལ་བཤད་མཁན་བྱུང་བ་ལུང་འདྲེན་བྱས་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཡོངས་གྲགས་སུ་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་གཙོ་བོར་གྱུར་པའི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་མི་ས་ཡ་༡་ལྷག་བཀག་ཉར་བྱས་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་ཅིང་། ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གིས་ཆེད་དུ་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་རྣམས་བཀག་ཉར་བྱ་རྒྱུའི་ཆེད་དུ་གཅིག་བསྡུས་བཙོན་ར་ཡང་ཚུགས་ཡོད་པའི་སྐྱོན་བརྗོད་བྱས་འདུག ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་དཔོན་རིགས་ཤིག་གིས་ཀྱང་ཞིན་ཅང་ལ་ཁྱོན་བསྡོམས་མི་འབོར་བྱེ་བ་གཉིས་མ་ཟིན་ཙམ་ཡོད་པའི་གྲས་སུ་མི་ས་ཡ་༣་ཙམ་རྒྱ་ནག་གཞུང་གིས་བཀག་ཉར་བྱས་འདུག་ཅེས་གཏམ་བཤད་སྤེལ་མྱོང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ས་གནས་དེ་དག་ནི་ཞིན་ཅང་གི་ཡུ་གུར་བ་ཚོར་ལག་ཤེས་ཀྱི་སློབ་སྦྱོང་སྤྲོད་ས་ཡིན་ཞེས་བསྒྲགས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིན་གྱིས་ལག་ཤེས་སློབ་སྦྱོང་སྤྲོད་ས་འདི་རྣམས་བཙུགས་པའི་དམིགས་ཡུལ་ནི་ཞིན་ཅང་གི་ཡུ་གུར་བ་རྣམས་འཇིགས་སྐུལ་རིང་ལུགས་པའི་གྲས་སུ་མཉམ་ཞུགས་བྱེད་དུ་འཇུག་པ་དང་འཇིགས་སྐུལ་རིང་ལུགས་པའི་གནོད་འཚེ་མི་ཐེབས་པའི་ཆེད་དུ་ཡིན། འདི་ནི་རྒྱལ་ཁབ་གཞན་གྱིས་བརྗོད་བཞིན་པའི་འཇིགས་སྐུལ་བ་དང་ཐལ་སྤྱོད་པ་རྣམས་སྔོན་འགོག་གི་ལས་དོན་དང་ངོ་བོ་གཅིག་མཚུངས་ཡིན། དེས་ན་ཞིན་ཅང་ལ་ཉེ་བའི་ལོ་གསུམ་གྱི་རིང་དུ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་གཅིག་ཀྱང་བྱུང་མེད་ཅེས་བཀྲལ།
ཤར་ཏུར་ཀི་སི་ཐན་རྒྱལ་ཁབ་ཀྱི་མི་རིགས་རྟོགས་སད་ལས་འགུལ་ཚོགས་པའི་ཚོགས་གཙོས་གལ་སྲིད་རྒྱ་ནག་གཞུང་གིས་བཤད་པ་ལྟར་བཀག་ཉར་ཁང་དེ་རྣམས་དོན་དངོས་སུ་ལག་ཤེས་སློབ་སྦྱོང་སྤྲོད་སའི་ལྟེ་གནས་ཡིན་ན་དེ་ལ་མཐའ་འཁོར་དུ་སོ་སྲུང་ཁང་འཛུགས་དགོས་དོན་མེད། དེ་བཞིན་མཐའ་བཞིའི་རྩིག་གྱང་ཡང་སྨི་ཊར་གསུམ་ལས་མཐོ་བ་ཞིག་རྒྱག་དོན་མེད། མི་ཚོ་རང་དབང་གིས་སྒོ་ནས་འགྲོ་སྐྱོད་བྱེད་ཆོག་པ་ཞིག་ཡིན་དགོས་མོད། འོན་ཀྱང་ལྟེ་གནས་དེ་དག་གི་ནང་ནས་མི་གཅིག་ཀྱང་རང་དབང་གིས་ཕྱི་ལ་འགྲོ་སྐྱོད་བྱེད་ཆོག་གི་མེད་པས་དངོས་ཡོད་གནས་སྟངས་ལ་རྒྱ་གཞུང་གིས་འགྲེལ་བཤད་བརྒྱབ་པ་ལྟར་མ་རེད་ཅེས་དགག་པ་བརྒྱབ་འདུག