ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཞིན་ཅང་གི་འཇིགས་སྐུལ་བ་༡༣༠༠༠་ཙམ་འཛིན་བཟུང་བྱས་པ་ཡིན་ཟེར།


༄༅།། ཕྱི་ཟླ་༣་ཚེས་༡༨་ཉིན་རྒྱ་ནག་གཞུང་གིས་སྙན་ཐོ་ཞིག་བཏོན་ནས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ས་གནས་གང་སར་ཡུ་གུར་བ་ས་ཡ་༡་ལྷག་བཀག་ཉར་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཞིན་ཅང་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་སྐྱོན་བརྗོད་ཕོག་གི་ཡོད་པར་དགག་པ་བརྒྱབ། རྒྱ་གཞུང་གི་སྙན་ཐོ་དེར་༢༠༡༤་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་འཇིགས་སྐུལ་རིང་ལུགས་པ་༡༣༠༠༠་ཙམ་འཛིན་བཟུང་བྱས་པ་དང་འཇིགས་སྐུལ་རིང་ལུགས་པའི་རུ་ཚོགས་བརྒྱ་ཕྲག་འགའ་ཞིག་རྩ་མེད་བཏང་བ་ཡིན། སྲིད་གཞུང་གིས་བྱ་ཐབས་སྣ་མང་ཞིག་ལག་ལེན་བསྟར་པའི་རྐྱེན་གྱིས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་རྣམས་མགོ་བོ་འབུར་བཅོམ་བྱེད་པར་ནུས་པ་ཐོན་ཡོད་ཅེས་བཀོད། འོན་ཀྱང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ཞིན་ཅང་ལ་རྟོག་ཞིབ་བྱེད་དུ་ཡོང་མི་ཆོག་པའི་བཀག་སྡོམ་བྱེད་ཡོད་པ་དང་ཞིན་ཅང་གི་ཡུ་གུར་བ་ཚོར་གནོན་སྡོམ་བྱས་ནས་ཁྲིམས་འགལ་ཅི་ཙམ་བྱེད་ཀྱི་ཡོད་མེད་རྣམས་སྙན་ཐོ་དེར་ཚིག་གཅིག་བཀོད་མེད་ཅིང་། རྒྱ་གཞུང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཚུད་མྱོང་བའི་མི་ཚོས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་ཟེར་པ་ནི་ཡུ་གུར་བའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་སྣུབ་ཐབས་ཤིག་རེད་ཅེས་ཐེར་འདོན་བྱས་འདུག

ཕྱི་རྒྱལ་ན་ཡོད་པའི་ཡུ་གུར་བའི་ཚོགས་པ་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་རྒྱ་ནག་གཞུང་གིས་ཡུ་གུར་བ་གཙོས་ཧ་ས་ཁ་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་༡་ཙམ་བཀག་ཉར་བྱས་ནས་ཡུ་གུར་བ་ཚོས་རྒྱ་ནག་གཞུང་ལ་དགའ་ཞེན་བྱ་དགོས་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་བྱ་དགོས། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་བསྟོད་དབྱངས་ལེན་དགོས་པ་དང་ཞིན་ཅང་གི་ཡུ་གུར་བ་ཚོས་རང་ཉིད་རྒྱ་ནག་གི་སྤྱི་དམངས་ཡིན་པའི་འདུ་ཤེས་འཛིན་དགོས། ཡུ་གུར་བའི་བུ་ཕྲུག་ཚོས་རྒྱ་ཡིག་རྒྱ་སྐད་སློབ་སྦྱོང་དང་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་ལ་སློབ་སྦྱོང་བྱ་དགོས། ཞིན་ཅང་གི་སྐྱེས་པ་ཚོས་རྒྱ་དང་ཁ་སྤུ་འཇོག་མི་ཆོག་པ་དང་བུད་མེད་ཚོས་མགོ་རས་དཀྲིས་ནས་གདོང་འཁེབ་གཡོགས་མི་ཆོག་པ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་ཁ་པར་ལ་ལྐོག་ཉན་དང་ཁྱིམ་ཚང་ཁག་ལ་རྒྱ་རིགས་ལས་བྱེད་པ་མངགས་སྡོད་བྱེད་དུ་བཅུག་པ། ཞིན་ཅང་གི་ས་གནས་ཡོངས་སུ་དམག་དང་དྲག་ཆས་ཉེན་རྟོག་པ་བཀྲམ་པ་དང་པར་ཆས་བཙུགས་ནས་ཉིན་མཚན་དུས་དྲུག་ལ་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་ཅིང་། ད་དུང་ཞིན་ཅང་གི་ཡུ་གུར་བའི་མིག་གི་ཁ་མདོག་པར་བརྒྱབ་པ་དང་ཁྲག་གི་དཔེ་མཚོན་བླངས་ནས་མིའི་རྒྱུད་རྒྱུ་རྣམས་གཞུང་གི་ཉེན་རྟོག་ལས་ཁང་ཁག་གིས་ཉར་འཛིན་བྱེད་ཀྱི་ཡོད་པ་རེད།།

རྒྱ་གཞུང་གི་སྙན་ཐོ་གསར་པ་དེར་ཞིན་ཅང་ལ་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་ཤིག་དར་ཁྱབ་འགྲོ་བཞིན་ཡོད། ལག་ཤེས་སློབ་གྲྭ་དེ་རྣམས་དྲག་ཐལ་ཅན་དུ་གྱུར་པའི་ཡུ་གུར་བ་རྣམས་ལེགས་ལམ་དུ་འགོད་ཐབས་ཤིག་ཡིན། ༢༠༡༤་ལོར་འཇིགས་སྐུལ་རུ་ཚོགས་༡༥༨༨་རྩ་མེད་བཏང་བ་དང་འཇིགས་སྐུལ་རིང་ལུགས་པ་༡༢༩༩༥་འཛིན་བཟུང་བྱས་པ་ཡིན། འདས་པའི་ལོ་ངོ་དེ་དག་གི་རིང་ལ་འབར་མདེལ་༢༠༥༢་དང་ཁྲིམས་འགལ་གྱི་ཆོས་ལུགས་དཔེ་དེབ་༣༤༥༢༢༩་གཞུང་བཞེས་བྱས་པ་ཡིན། མི་༣༠༠༠༠་ལྷག་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་ཁག་༥༠༠༠་ལྷག་ལ་མཉམ་ཞུགས་བྱས་པར་ཁྲིམས་གཅོད་བྱས་པ་ཡིན་ཞེས་བཀོད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཁག་ལ་འབྲེལ་བ་འདུག་ཅེས་ནག་ཉེས་བཙུགས་ཀྱང་རྒྱ་ནག་གཞུང་གིས་ཁུངས་སྐྱེལ་ར་སྤྲོད་ཅི་ཡང་བྱས་མེད་ཅིང་། ཞིན་ཅང་གི་ཡུ་གུར་བ་རྣམས་མི་རིགས་དང་ཆོས་ལུགས། སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ཕྱོགས་གང་ཐད་དུ་རྒྱ་ནག་དང་རྒྱ་མི་རིགས་ལས་ཐ་དད་ཅིག་ཡིན་རུང་རྒྱ་ནག་གཞུང་གིས་ཞིན་ཅང་ནི་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་ཡིན་ཟེར། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་བཀག་ཉར་ཁང་མང་པོ་ཞིག་འཛུགས་སྐྲུན་བྱས་ཡོད་པའི་དགོས་པ་གཙོ་བོ་ནི་ཡུ་གུར་བ་ཚོར་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་ཞིག་ཡོད་པ་རྣམས་སྣུབ་ཐབས་ཡིན་པ་དང་། དཔེར་ན་རྒྱ་ནག་གཞུང་གིས་བཏོན་པའི་སྙན་ཐོ་དེར་ཞིན་ཅང་ལ་ཁ་ཆེའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་བདེན། ཡིན་ནའང་ཞིན་ཅང་ལ་རྒྱ་ནག་གི་རིག་གཞུང་དང་རྒྱ་ནག་གི་སྲོལ་རྒྱུན་སོགས་ཀྱི་རྣམ་པ་ལྡན་པའང་བསྙོན་ཐབས་མེད། ཁ་ཆེའི་ཆོས་ལུགས་ནི་ཞིན་ཅང་གི་ཡུ་གུར་བ་གཅིག་པུས་དད་མོས་བྱེད་ཀྱི་ཡོད་པའི་ཆོས་ལུགས་ཤིག་མིན། ཆོས་ལུགས་དེ་རྒྱ་ནག་གི་ཁ་ཆེ་གྲངས་ཉུང་མི་རིགས་དང་ཞིན་ཅང་གི་ཡུ་གུར་བ་སོགས་ཀྱིས་དད་མོས་བྱེད་པའི་སྤྱི་ཡོངས་ཀྱི་ཆོས་ལུགས་ཤིག་རེད་ཅེས་ཞིན་ཅང་གི་ཡུ་གུར་བ་ཚོར་མི་རིགས་དང་ཆོས་ལུགས། རིག་གཞུང་ཐ་དད་ཅིག་ཡོད་པར་དགག་པ་བརྒྱབ་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཉམས་ཞིབ་པ་ཕེ་ཊི་རིཀ་ཕུན་གྱིས་རྒྱ་ནག་གི་སྙན་ཐོ་དེར་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་རྣམས་ཁ་ལ་འཁྱེར་ནས་ཞིན་ཅང་གི་ཡུ་གུར་བ་ཚོ་རང་སྣང་གང་དྲན་གྱིས་འཛིན་བཟུང་དང་བཙོན་འཇུག ཁོ་ཚོ་སྡེབ་ཚོགས་བཀག་ཉར་བྱེད་པ་དང་ཡུ་གུར་བ་ཚོས་ཆོས་དད་རང་དབང་དང་སྐད་ཡིག་གི་ཐོབ་ཐང་། ལས་ཀ་དང་ཚོང་ལས། སློབ་སྦྱོང་སོགས་ཀྱི་གོ་སྐབས་རྩོད་ལེན་བྱས་ཀྱང་རྒྱ་ནག་གཞུང་གིས་འཐབ་རྩོད་དེ་རྣམས་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་ལ་བསྒྱུར་ནས་དྲག་གནོན་བྱེད་ཀྱིན་འདུག གལ་སྲིད་རྒྱ་ནག་གཞུང་གིས་བཀག་ཉར་ཁང་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན་ཟེར་པ་བདེན་པ་ཡིན་ཚེ། ཞིན་ཅང་གི་ཡུ་གུར་བ་ཁྲི་ཚོ་མང་པོས་རང་གི་ཕ་མ་བུ་ཕྲུག་དང་བཟའ་ཟླ། གཉེན་ཚན་རྣམས་གར་སོང་ཆ་མེད་དུ་གྱུར་ནས་རྩད་གཅོད་ཐུབ་ཀྱི་མེད་པ་ཁྱད་མཚར་ཞིག་མིན་ནམ་ཞེས་གླེང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བཀག་ཉར་ཁང་རེད་ཟེར་པ་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན། འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤན་ཞུགས་ངན་པ་ཐེབས་པའི་ཡུ་གུར་བ་ཚོར་ལག་ཤེས་དང་སྐད་ཡིག་སློབ་སྦྱོང་སྤྲད་ནས་བསྐྱར་དུ་སྤྱི་ཚོགས་ཀྱི་གྲས་སུ་ཚུད་པ་དང་ཁོ་ཚོས་འཚོ་བ་ཡག་པོ་ཞིག་རོལ་ཐུབ་པའི་ལམ་སྟོན་བྱེད་ཀྱི་ཡོད་ཅེས་བཀྲལ།།

བདུན་ཕྲག་སྔོན་མར་ནེའུ་ཛི་ལན་ཌིའི་ཁ་ཆེ་ལྷ་ཁང་གཉིས་ལ་འཇིགས་སྐུལ་རིང་ལུགས་པ་ཞིག་གིས་གཏོར་རྒོལ་བྱས་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེར་རྒྱ་ནག་ནི་ངའི་ཆབ་སྲིད་ཀྱི་ལྟ་བ་དང་སྤྱི་ཚོགས་ཀྱི་རིན་ཐང་ལ་འཛིན་པའི་ལྟ་བ་དེར་ཕྱོགས་མཐུན་པ་ཧ་ཅང་ཡག་པོ་ཞིག་རེད་ཅེས་བཀོད། ཨོ་གླིང་བ་འཇིགས་སྐུལ་རིང་ལུགས་པ་དེས་མི་རིགས་དཀར་པོ་མཆོག་འཛིན་དང་ཕྱི་མི་གཞིས་ཆགས་པར་སྡང་ཟུག ལྷག་པར་དུ་ཁ་ཆེ་ཚོར་སྡང་ཟུག་དང་ཡེ་ཤུའི་ཆོས་ལུགས་རྩ་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་གྲངས་ཉུང་མི་རིགས་དང་ཁ་ཆེ་ལ་སྡང་ཟུག རྒྱ་མི་རིགས་མཆོག་འཛིན་དང་རྒྱ་ནག་གི་རིག་གཞུང་རྩ་འཛིན་བྱེད་ཀྱི་ཡོད་པ་གཉིས་བསྒྲགས་གཏམ་དེར་མཚུངས་དཔེ་རུ་བཀོད་འདུག འཛམ་གླིང་ཡུ་གུར་རྒྱལ་ཡོངས་ཚོགས་པའི་མགྲིན་ཚབ་པ་ར་ཤི་ཐེས་རྒྱ་ནག་གིས་འཇིགས་སྐུལ་རིང་ལུགས་ཁ་ལ་འཁྱེར་ནས་རྒྱལ་སྤྱིའི་ཐོག་ཏུ་ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་ལ་དོ་སྣང་དང་ཡུ་གུར་མི་རིགས་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་འཐོབ་རྒྱུ་འགོག་ཐབས་བྱེད་ཀྱིན་འདུག ད་ཐེངས་ཀྱི་སྙན་ཐོ་འདིའི་དགོས་པ་གཙོ་བོ་ནི་རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པ་འོས་མཐུན་དང་སྲིད་ཇུས་དེར་རྒྱལ་སྤྱིའི་ཐོག་ཏུ་རྒྱབ་སྐྱོར་འཐོབ་ཐབས་ཤིག་རེད་ཅེས་བཤད།།

XS
SM
MD
LG