༄༅།། རྒྱ་ནག་གཞུང་གིས་ཡུ་གུར་བ་དང་ཧ་ས་ཁ་བ། རྒྱ་ཁ་ཆེ་སོགས་མི་གྲངས་ས་ཡ་༡་ལྷག་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཙན་འགོག་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་ཅིང་། རྒྱ་ནག་གཞུང་གིས་ལྟེ་གནས་རྣམས་བཀག་ཉར་ཁང་མིན། ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ལ་ལག་ཤེས་སློབ་སྦྱོང་སྤྲོད་ས་དང་སྐད་ཡིག་སློབ་ཁྲིད་བྱ་ཡུལ་ཁག་ཡིན་ཞེས་བཀྲལ། ཡིན་ནའང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉམས་ཞིབ་པ་དང་བཀག་ཉར་ཁང་དེ་དག་གི་ནང་དུ་དངོས་སུ་ཚུད་མྱོང་ཡོད་པའི་མི་ཚོས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་མི་ལ་བཙོན་པ་ལྟར་ངལ་རྩོལ་བཙན་སྐུལ་བྱས་པ་དང་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ནས་དམ་དྲག མི་ལ་རྡུང་རྡེག་གཏོང་བ་དང་ཡུ་གུར་བ་ཚོ་བཀག་ཉར་ཁང་དུ་ནད་མནར་བྱུང་བའི་དུས་སུའང་སྨན་བཅོས་ཚུལ་བཞིན་མི་བྱེད་པར་ནར་འགྱངས་གཏོང་བ། མི་ཁག་ཅིག་ལ་རྡུང་རྡེག་དང་མནར་གཅོད་ཕོག་པའི་སྟབས་ཀྱིས་འཆི་སྐྱོན་འབྱུང་གི་ཡོད་པའི་གནས་ཚུལ་ཐོན། འོན་ཀྱང་རྒྱ་ནག་གཞུང་གིས་བཀག་ཉར་ཁང་དེ་དག་གི་ནང་དུ་མི་ལ་གདུག་རྩུབ་དང་མནར་གཅོད་གཏོང་གི་ཡོད་པ་ངོས་ལེན་གཏན་ནས་བྱེད་ཀྱི་ཡོད་པ་རེད།།
ཨོལ་ཁན་ཞེས་པའི་ཧ་ས་ཀ་བའི་བུད་མེད་འདིར་མཚོན་ན་ཁ་ཛག་སི་ཐན་རྒྱལ་ཁབ་ཀྱི་ས་ཐོག་ཏུ་གཏན་སྡོད་བྱེད་ཆོག་པའི་ཐོབ་ཐང་ཡོད་ཀྱང་ཁོ་མོ་ཞིན་ཅང་ལ་གཉེན་འཕྲད་དུ་བསྐྱོད་པའི་སྐབས་སུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་བཀག་ཉར་ཁང་དུ་བཅུག ཉེ་ཆར་ཨོལ་ཁན་རྒྱ་ནག་གཞུང་གིས་གློད་གྲོལ་བཏང་ནས་ཁ་ཛག་སི་ཐན་གྱི་རྒྱལ་ས་ཨལ་མ་ཏི་གྲོང་ཁྱེར་དུ་འབྱོར། ཁོ་མོས་ཨལ་མ་ཏི་གྲོང་ཁྱེར་དུ་ཧྥ་རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ཐུག་འཕྲད་བྱས་ནས་རང་ཉིད་ཀྱི་ཉམས་མྱོང་རྣམས་འགྲེལ་བཤད་བརྒྱབ་དོན། ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཚུད་པའི་མི་ཚོས་གདུག་རྩུབ་དྲག་པོ་མྱོང་གི་འདུག སྐྱེ་བོ་གང་ཞིག་གསང་སྤྱོད་ནང་དུ་དུས་ཡུན་སྐར་མ་༢་ལྷག་འགོར་ན་མགོ་ལ་གློག་རྒྱུག་གཞུས་ནས་རྡུང་རྡེག་གཏོང་རྒྱུ་ཉག་ཅིག་རེད། ང་དང་རོགས་པ་བརྒྱ་ཕྲག་འགའ་ཞིག་ཁང་པའི་ནང་དུ་བཅུག་ནས་མ་བཞག་པར་བཟོ་གྲྭ་ཞིག་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་ཁྲིད་སོང་། ངལ་རྩོལ་བྱེད་དུ་ཁྲིད་པ་ནི་ཕྱོགས་གང་ཐད་དུ་གནས་སྟངས་ཡར་རྒྱས་བཏང་བར་རྩི་བཞིན་འདུག ང་ཚོ་ཉིན་ལྟར་བཀག་ཉར་ཁང་ནས་སྤྱི་ལེ་༣་གྱི་མཚམས་སུ་ཡོད་པའི་བཟོ་གྲྭ་ཞིག་ལ་ངལ་རྩོལ་བྱེད་དུ་ཁྲིད་ཀྱིན་འདུག བཟོ་གྲྭ་དེར་ལག་ཤུབས་བཙེམ་དགོས་པ་དང་བཟོ་གྲྭའི་སྤྱི་གཉེར་གྱིས་ལག་ཤུབས་དེ་རྣམས་ཕྱི་རྒྱལ་ལ་བཙོང་རྒྱུའི་དངོས་ཟོག་རེད། ཁྱེད་ཚོས་གཟབ་ནན་བྱས་ནས་བཙེམ་དགོས་ཞེས་བཀའ་གཏོང་གི་འདུག རྒྱ་ནག་གཞུང་གིས་མི་ལ་ངལ་རྩོལ་བཙན་སྐུལ་བྱས་ནས་ཐོན་སྐྱེད་འདོན་སྤེལ་བྱས་པ་རྣམས་ཕྱི་རྒྱལ་ལ་བཙོང་གི་ཡོད་པ་སྦ་གསང་ཡང་བྱེད་ཀྱི་མི་འདུག་ཅེས་ལོ་གཉིས་ཡས་མས་ཤིག་ལ་ཐུག་འཕྲད་མ་བྱུང་བའི་བུ་མོ་ལོ་༥་ལ་སོན་པ་ཞིག་ཡོད་པ་དེར་འཐམ་བཞིན་གསར་འགོད་པར་གླེང་མོལ་བྱས་འདུག
ཨོལ་ཁན་ནི་ལོ་ན་༣༩་ལ་སོན་ཡོད་པ་དང་མི་རིགས་ཧ་ས་ཁ་བ་དང་རྒྱ་ནག་གི་སྤྱི་དམངས་ཡིན་ཞིང་། ཁོ་མོ་རྒྱ་ནག་གཞུང་གིས་ལག་ཤེས་སློབ་གྲྭ་ཟེར་སའི་བཀག་ཉར་ཁང་དེ་དག་གི་ནང་དུ་ཚུད་ནས་ལུས་སེམས་གཉིས་ལ་མནར་གཅོད་ཕོག གླ་ཕོགས་ཆེས་དམའ་ཤོས་ཤིག་སྤྲད་ནས་ངལ་རྩོལ་བཙན་སྐུལ་བྱས་འདུག རྒྱ་ནག་གཞུང་གིས་ལག་ཤེས་སློབ་སྦྱོང་སྤྲོད་ཡུལ་དེ་རྣམས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཞིང་ཅང་གི་མཐའ་ལྷུང་རིང་ལུགས་བཅས་ལ་འཐབ་རྒོལ་བྱེད་པའི་སྲིད་ཇུས་གྲས་ཤིག་ཡིན། ང་ཚོས་ལག་ཤེས་སློབ་གྲྭ་ཁག་ཏུ་མི་ལ་ངལ་རྩོལ་བཙན་སྐུལ་བྱེད་ཀྱིན་མེད། སྐད་ཡིག་དང་ལག་ཤེས་སློབ་སྦྱོང་ཐོན་པའི་རྗེས་སུ་ཡུ་གུར་བ་དང་ཧ་ས་ཁ་བ་སོགས་ཞིན་ཅང་གི་གྲངས་ཉུང་མི་རིགས་རྣམས་སྤྱི་ཚོགས་ཀྱི་གྲས་སུ་ཚུད་པ་དང་འཚོ་རྟེན་ཡོད་པ། ཁོ་ཚོས་མིའི་འཚོ་བ་ཚད་ལྡན་ཞིག་སྐྱེལ་ཐུབ་པའི་ཆེད་དུ་སློབ་སྦྱོང་སྤྲོད་ཀྱི་ཡོད་ཅེས་ཕྱི་ལོགས་ཀྱི་སྐྱོན་བརྗོད་ཁག་ལ་དགག་པ་བརྒྱབ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཞིན་ཅང་གི་ཡུ་གུར་མི་རིགས་ལ་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་ཡོངས་ཁྱབ་ཡིན་པས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་རེ་ཟུང་གིས་རྒྱ་ནག་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱས་ཡོད་པ་དང་། ཨ་མི་རི་ཀའི་གཞུང་གིས་ཀྱང་རང་གི་བཟོ་ཚོང་ལས་ཁང་ཁག་ལ་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་གློག་རྒྱུག་རྣམས་ཕྱིར་ཚོང་བྱེད་མི་ཆོག་པའི་བཀག་སྡོམ་བྱས་འདུག
ཨོལ་ཁན་གྱིས་ང་བཀག་ཉར་ཁང་ནས་ལག་ཤུབས་བཟོ་གྲྭ་དེར་ཁྲིད་དུས་ལག་ཤེས་སློབ་སྦྱོང་དང་བསམ་བློའི་སློབ་གསོ་གཉིས་ལ་དུས་ཡུན་ཟླ་བ་༣་ལས་མི་འགོར་ཟེར་སོང་། ཡིན་ནའང་ངས་ལོ་གཅིག་དང་ཟླ་བ་༣་ལ་བསམ་བློའི་སློབ་གསོ་ཟེར་བ་མྱངས་པ་དང་བཟོ་གྲྭ་དེར་ངལ་རྩོལ་བརྒྱུགས་པ་ཡིན། ང་ཚོར་ཟླ་བ་རེར་རྒྱ་ནག་གི་མི་དམངས་ཤོག་སྒོར་༣༢༠་ལས་སྤྲོད་ཀྱི་མི་འདུག ཞིང་ཅང་གི་ལས་རྩོལ་བའི་གླ་ཕོགས་དམའ་ཤོས་ནི་ཟླ་བ་རེར་མི་དམངས་ཤོག་སྒོར་༨༢༠་ནས་༡༤༦༠་ཡས་མས་རེ་རེད། ན་ནིང་ལོ་མཇུག་དེར་ང་ཁ་ཛག་སི་ཐན་ལ་ཕྱིར་ལོག་བྱེད་དུ་བཅུག་སོང་ཞེས་བཤད། ཧྥ་རན་སི་གསར་འགྱུར་ལས་ཁང་གིས་ཁ་པར་བཏང་ནས་ཞིན་ཅང་གི་ས་གནས་འགོ་ཁྲིད་ཚོར་འདྲི་རྩད་བྱས་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ངལ་རྩོལ་བཙན་སྐུལ་བྱ་ཡུལ་བཟོ་གྲྭ་དང་བཀག་ཉར་ཁང་ཟེར་པ་ཞིག་མེད་ཅེས་གློག་འཕྲིན་བཏང་ནས་ལན་བཏབ། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁ་ཛག་གི་སི་ཐན་གཞུང་གིས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས། ཕྱི་འབྲེལ་དང་དམག་དོན་བཅས་ཀྱི་འབྲེལ་བ་བཙུགས་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པར་ངོ་རྒོལ་དང་སྐྱོན་བརྗོད་ཅི་ཡང་བྱེད་ཐུབ་ཀྱི་མེད། རྒྱ་གར་གྱི་ཁ་ཆེ་དང་མ་ལེ་ཞི་ཡ། ཏུར་ཀི་རྒྱལ་ཁབ་མ་གཏོགས་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་གཅིག་གིས་ཀྱང་རྒྱ་ནག་ལ་ཞིན་ཅང་གི་ཡུ་གུར་པའི་བདེ་སྡུག་གླེང་སློང་བྱེད་པའམ། ཡང་ན་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་གཉའ་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་ཚིག་གཅིག་བྱེད་ཕོད་ཀྱི་མེད་པ་རེད།།