༄༅།། ཕྱི་ཟླ་༥་ཚེས་༢༤་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་ཕྱིར་འཐེན་བྱས་པ་ཡིན། ཉེ་དུས་ཤིག་ནས་བྱང་ཀོ་རི་ཡས་སྡང་ཟུག་དགྲར་འཛིན་གྱི་གཏམ་བསྒྲགས་རིམ་པ་ཞིག་སྤེལ་བ་དེ་ལ་བལྟས་ཚེ། ད་ལྟའི་སྐབས་འདིར་ང་ཚོ་ཕྱི་ཟླ་༦་ཚེས་༡༢་ཉིན་སིང་ག་པུར་དུ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་འོས་འཚམས་ཤིག་མ་རེད་ཅེས་ཐག་བཅད། ཕྱི་ཟླ་༥་ཚེས་༢༥་ཉིན་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་ཀིམ་ཁེ་གྭན་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཕྱིར་འཐེན་བྱས་པ་བློ་ཕམ་གྱི་གནས་ཚུལ་ཞིག་རེད། ཌོ་ནལ་ཊོམ་གྱིས་ཨ་རིའི་སྲིད་འཛིན་སུ་གཅིག་གིས་ཀྱང་བསྒྲུབས་མ་ཕོད་པའི་ཐག་གཅོད་ཅིག་བྱས་སོང་། ཁོང་གིས་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རིམ་པ་ཐུག་འཕྲད་གྲོས་མོལ་ཞིག་ཡོང་ཐུབ་པའི་འབད་བརྩོན་བྱས་པར་ང་ཚོས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ང་ཚོས་ཌོ་ནལ་ཊོམ་གྱི་དཔེ་སྲོལ་ལྟར་ཕྱོགས་གཉིས་ཀ་དོགས་པ་ཡོད་པ་རྣམས་སེལ་ཐུབ་པ་དང་ང་ཚོའི་ངོས་ནས་བསྒྲུབ་དགོས་པ་རྣམས་ལེགས་པར་བསྒྲུབས་ནས་གནད་དོན་ཐག་གཅོད་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་འཆང་ཡོད། བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀར་སྐྱོན་བརྗོད་ཁག་ཅིག་བྱས་པ་ནི་ཨ་རིའི་གཞུང་འབྲེལ་མི་སྣ་རེ་ཟུང་གི་ཁ་ལ་བདག་པོ་མེད་པར་ངར་སྐད་བསྒྲགས་པར་དགག་པ་ཡིན། སྲིད་འཛིན་ཌོ་ནལ་ཊོམ་གཅིག་པུས་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་ཕྱིར་འཐེན་བྱས་པ་བསམ་ཡུལ་ལས་འདས་པ་ཞིག་དང་བློ་ཕམ་གྱི་གནས་ཚུལ་ཞིག་རེད། བྱང་ཀོ་རི་ཡར་དུས་ནམ་ཞིག་ཡིན་རུང་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རིམ་པ་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་འདོད་པ་ཡོད་ཅེས་ལན་འདེབས་བྱས་འདུག ཡིན་ནའང་འདས་པའི་བདུན་ཕྲག་གཉིས་ཀྱི་རིང་ལ་བྱང་ཀོ་རི་ཡའི་གཞུང་གིས་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གྱི་ཐུག་འཕྲད་གྲོས་མོལ་ཕྱིར་འཐེན་བྱ་སྲིད་ཅེས་ཉེན་བརྡ་བཏང་བར་མ་ཟད། ཉེ་ཆར་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཅིག་སིང་ག་པུར་ལ་སྲིད་འཛིན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ལ་གྲ་སྒྲིག་བྱེད་དུ་ཕེབས་ཀྱང་བྱང་ཀོ་རི་ཡའི་གཞུང་གིས་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ལ་གྲ་སྒྲིག་བྱེད་མཁན་མི་གཅིག་ཀྱང་བཏང་མེད་ཅིང་། ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཌོ་ནལ་ཊོམ་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་ཕྱིར་འཐེན་སྲིད་པའི་རྣམ་པ་འདུག བྱང་ཀོ་རི་ཡས་གྲོས་མོལ་ཕྱིར་འཐེན་མ་བྱས་གོང་དུ་ཨ་མི་རི་ཀས་གྲོས་མོལ་ཕྱིར་འཐེན་བྱ་དགོས་ཞེས་སྲིད་འཛིན་ཌོ་ནལ་ཊོམ་ལ་ཞུ་མཁན་བྱུང་ཡོད་སྲིད། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྔོན་ལ་ཕྱོགས་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཕྱིར་འཐེན་བྱས་པ་འདྲ་ཞེས་གླེང་། གཟའ་འཁོར་སྔོན་མར་ཨ་མི་རི་ཀའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ལི་བྷི་ཡའི་དཔེ་སྲོལ་ལྟར་ཐག་གཅོད་བྱ་དགོས་ཞེས་བཤད། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་གཞོན་པས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས། གལ་སྲིད་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་མ་བཏང་ན་ལི་བྷི་ཡའི་རྗེས་སུ་འགྲོ་སྲིད་ཅེས་ཉེན་བརྡ་བཏང་སྟེ། བྱང་ཀོ་རི་ཡའི་གཞུང་གིས་ཨ་རིའི་སྲིད་འཛིན་གཞོན་པ་དང་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་གཉིས་ལ་ཁ་རྡུང་དྲག་པོ་བཏང་ཞིང་། ཨི་རཀ་ལ་རྡུལ་ཕྲན་མཚོན་ཆ་མེད་བཞིན་དུ་༢༠༠༣་ལོར་ཨ་མི་རི་ཀས་ཨི་རཀ་ལ་དམག་བརྒྱབ་ནས་ས་ཏམ་ཧུ་སེན་གྱི་སྲིད་གཞུང་མགོ་རྟིང་སློག་ནས་ས་ཏམ་ཕ་བུ་རྣམས་བསད། ཨི་རཀ་གི་ཉམས་མྱོང་ལ་གཞིགས་ནས་ལི་བྷི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་མཚམས་བཞག་ནས་རྡུལ་ཕྲན་ལས་གྲྭ་ཁག་སྒོ་བརྒྱབ། ལི་བྷི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆར་མཁོ་བའི་རྒྱུ་ཆ་རྣམས་རྩིས་སྤྲོད་བྱས་མོད། འོན་ཀྱང་༢༠༡༡་ལོར་ཨ་རབ་རྒྱལ་ཁབ་ཁག་ལ་དཔྱིད་ཀྱི་གསར་བརྗེ་ལངས་ནས་ལི་བྷི་ཡའི་མི་དམངས་ཀྱིས་མཱོ་མར་གྷ་དྷ་ཧྥིའི་སྲིད་གཞུང་མགོ་རྟིང་སློག ཨ་མི་རི་ཀས་ལི་བྷི་ཡའི་མི་དམངས་ལ་རྒྱབ་སྐྱོར་བྱས་ནས་མཱོ་མར་གྷ་དྷ་ཧྥི་དམར་གསོད་བྱེད་དུ་བཅུག་པར་བརྟེན། བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀའི་ཀུན་སློང་ངོ་མ་ཀིམ་ཇུང་ཨུན་དམར་གསོད་བྱ་རྒྱུ་དང་བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་མགོ་རྟིང་སློག་རྒྱུ་ཁོ་ན་ཡིན་པའི་དོགས་པ་བྱུང་བ་ཡིན་སྲིད། ད་དུང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་བྱུང་སྟེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཞིས་ཅིན་ཕིང་དང་ཀིམ་ཇུང་ཨུན་ཐུག་འཕྲད་རྗེས་སུ་བྱང་ཀོ་རི་ཡའི་རྣམ་འགྱུར་ལ་འགྱུར་བ་ཐེབས་སོང་ཞེས་སྐྱོན་བརྗོད་བྱས་འདུག འདི་ཙམ་ན་འཇར་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཁེལ་གྱིས་ཨ་རིའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད་ཅེས་གསལ་བསྒྲགས་སྤེལ། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱིས་ཐད་ཀར་བཀའ་མོལ་གནང་དགོས། གལ་ཏེ་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་འགྲོ་མ་ཐུབ་ཀྱང་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་ནན་བརྗོད་བྱས་པ་དང་། མུན་ཅེ་དབྱིན་གྱིས་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་དང་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་གཏོང་བར་དཀའ་ངལ་ཆེན་པོ་བརྒྱབ། ཉི་ཧོང་བ་ཚོས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོ་ཐུག་འཕྲད་བྱེད་ཐུབ་ཀྱི་མེད་པ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དེར་གྲོས་མཐུན་མ་བྱུང་བའི་རྟགས་མཚན་རེད་ཅེས་འགྲེལ། རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡ་དང་ཨ་མི་རི་ཀས་གྲོས་མོལ་འཕྲོ་སྐྱོང་བྱ་དགོས། ཌོ་ནལ་ཊོམ་གྱི་འཕྲིན་ཡིག་ནང་དུ་ཀིམ་ཇུང་ཨུན་ལ་ཨ་མི་རི་ཀར་ཁ་པར་གཏོང་བའམ། ཡང་ན་ཡིག་ལན་བྲིས་ནས་འབྲེལ་བ་བྱོས་ཞེས་འཁོད་ཡོད་པས་ཨ་མི་རི་ཀས་མཐའ་གཅིག་ཏུ་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་སྒོ་བརྒྱབ་མེད་པའི་རྟགས་མཚན་རེད་ཅེས་རྒྱ་ནག་ཉིན་རེའི་ཚགས་པར་ལ་གསར་འགྱུར་སྤེལ་འདུག