ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༤/༢༦

བོད་ཀྱི་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་སྤྱི་ཟླ་༩་པའི་ཚེས་༦་ཉིན་རྒྱ་ནག་གི་ཁྲེན་ཏུའུ་གྲོང་ཁྱེར་དུ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཚོགས་འདུག་ཅིང་། ཚོགས་འདུ་འདིའི་སྟེང་དུ་བོད་དང་རྒྱ་ནག་གི་ས་གནས་གཞན་དུ་ཡོད་པའི་དཔེ་རྙིང་ལེགས་སྒྲིག་གི་ལས་ཁུངས་དང་དཔེ་མཛོད་ཁང་། མཐོ་རིམ་སློབ་ཆེན། ཚན་རིག་ཞིབ་འཇུག་གི་ལས་ཁུངས་སོགས་ནས་ཞིབ་འཇུག་པ་༢༠༠་ལྷག་མཉམ་ཞུགས་ཀྱིས་ཚོགས་འདུའི་ཐོག་ཏུ་ཧི་མ་ལ་ཡ་རིག་མཛོད་ཁང་གིས་རྩོམ་སྒྲིག་དང་དཔར་དུ་བསྐྲུན་པའི་དཔེ་ཚོགས་ཀྱི་སྐོར་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་རྩོམ་སྒྲིག་དང་དཔར་དུ་བསྐྲུན་པའི་དཔེ་ཚོགས་སོགས་ད་ལྟའི་བར་དུ་པར་སྐྲུན་བྱས་པའི་བོད་ཡིག་གི་དཔེ་ཚོགས་རྣམས་འགྲེམས་སྟོན་བྱས་འདུག

ཚོགས་འདུ་འདི་ནི་རྒྱ་ནག་པེ་ཅིང་དུ་ཡོད་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་དང་། སི་ཁྲོན་ཞིང་ཆེན་གྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཞེས་པ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་འོག་ཏུ་ཧི་མ་ལ་ཡ་རིག་མཛོད་ཁང་དང་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་དཔེ་རྙིང་ལེགས་སྒྲིག་གཞུང་ལས་ཁང་སོགས་སི་ཁྲོན་ཞིེང་ཆེན་ཁོངས་ཀྱི་བོད་ཀྱི་དཔེ་ཆའི་རིགས་རྩོམ་སྒྲིག་དཔར་དུ་བསྐྲུན་པའི་ལས་ཁུངས་ཁག་གི་འགན་སྒྲུབ་བྱས་ནས་ཚོགས་པ་ཞིག་ཡིན་ཞིང་། རྒྱ་གཞུང་གི་ཁྱབ་བསྒྲགས་ནང་དུ་ཚོགས་འདུ་འདི་ཚོགས་ནས་རྒྱལ་ཁབ་གཅིག་གྱུར་དང་སྲུང་སྐྱོབ་བྱས་ཡོད། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་ནུས་ཤུགས་ཐོན་ཡོད། ལྗོངས་གཅིག་དང་ཞིང་ཆེན་བཞིའི་ཁོངས་སུ་ཡོད་པའི་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཐོན་ཡོད་པ་སོགས་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་པོ་བྱས་འདུག

ད་དུང་དེའི་ཞོར་དུ་ཚོགས་འདུ་འདི་བརྒྱུད་ནས་བོད་ཀྱི་དཔེ་རྙིང་ཞིབ་འཇུག་པ་རྣམས་ཀྱིས་སོ་སོའི་ཉམས་མྱོང་དང་བསམ་ཚུལ་བརྗེ་རེས་སོགས་ཐུན་མོང་གི་ངོས་འཛིན་གསལ་པོ་དང་མཉམ་འབྲེལ་བྱ་ཡུལ་གྱི་སྡིངས་ཆ་ཞིག་བསྐྲུན་འདུག་ཅེས་ཀྱང་འགྲེལ་བཤད་བརྒྱབ། ཐེངས་དང་པོའི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་ནི་སྤྱི་ལོ་༢༠༡༧་ལོའི་སྤྱི་ཟླ་༡༡་པའི་ཚེས་༧་གྱི་ཉིན་ཟི་ལིང་དུ་ཚོགས། ཚོགས་འདུ་དེ་ཡང་རྒྱ་ནག་པེ་ཅིང་དུ་ཡོད་པའི་བོད་རིག་པ་ལྟེ་གནས་ཁང་གི་གཙོ་སྒྲུབ་འོག་ཏུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་འགན་ཁུར་ནས་ཚོགས་པ་ཞིག་ཡིན་ཞིང་། བོད་ཀྱི་ས་གནས་གང་ས་ནས་ཡོང་བའི་དཔེ་རྙིང་ཞིབ་འཇུག་པ་༥༠་ལྷག་འདུས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་སློབ་༢༠༠་ལྷག་ཚོགས་ཞུགས་བྱས་འདུག

ཚོགས་འདུ་ཐེངས་གཉིས་པ་ནི་སྤྱི་ལོ་༢༠༡༨་ལོའི་སྤྱི་ཟླ་༨་པའི་ནང་རྒྱ་ནག་ལེའོ་ཉིན་ཞིང་ཆེན་གྱི་ཧྥུའུ་ཞིན་གྲོང་ཁྱེར་དུ་ཚོགས། འཚོགས་ཡུལ་ས་གནས་ཀྱི་དབང་གིས་བོད་པ་ཉམས་ཞིབ་པ་ཁ་ཤས་ལས་མཉམ་ཞུགས་བྱས་ཐུབ་མེད་ཅིང་། ད་ལྟའི་བར་དུ་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་དང་ཧི་མ་ལ་ཡའི་རིག་མཛོད་ཁང་། སི་ཁྲོན་ཞིང་ཆེན་དཔེ་རྙིང་བསྡུ་སྒྲིག་ཁང་སོགས་ཀྱིས་ལོ་མང་རིང་དཔེ་རྙིང་རྩ་ཆེན་གྱི་རིགས་མང་པོ་ཞིག་འཚོལ་བསྡུ་དང་དཔར་དུ་བསྐྲུན། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ལྟ་བུར་མཚོན་ན་བཀའ་གདམས་དཔེ་བསྡུར་དང་རྙིང་མའི་རྒྱུད་འབུམ། བོད་ཀྱི་ལོི་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་སོགས་བོད་ཀྱི་རིག་གནས་སྐོར་གྱི་དཔེ་དེབ་མང་པོ་དཔར་དུ་བསྐྲུན།

གཞན་དབུས་ཀྱི་སེ་ར་དང་འབྲས་སྤུངས། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ། ཞྭ་ལུ་དགོན། སྙེ་མོ་ཟིམ་མཁར་དགོན་ལ་སོགས་བོད་ཀྱི་དགོན་སྡེ་མང་པོའི་དཔེ་རྙིང་མྱུར་སྐྱོབ་དང་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་ཡོད་པ་དང་། དེ་བཞིན་ཧི་མ་ལ་ཡ་རིག་མཛོད་ཁང་གིས་འདས་པའི་༡༠་ཡས་མས་ཀྱི་རིང་ལ་བོད་ཀྱི་གནའ་དཔེའི་རིགས་དཔེ་དེབ་མང་པོ་རྩོམ་སྒྲིག་པར་སྐྲུན་བྱས་ཡོད་པར་མ་ཟད། ཧི་མ་ལ་ཡའི་རིག་མཛོད་ཅེས་པའི་དྲྭ་ཚིགས་ཤིག་སྒོ་ཕྱེས་ཏེ་བོད་ཀྱི་དཔེ་དེབ་ལ་དཀར་ཆག་རིགས་མང་པོ་བགར་ནས་དྲྭ་ཐོག་ཏུ་བཞག་ཡོད་པ་རྣམས་དྲྭ་ལམ་དུ་རིན་མེད་པར་ཕབ་ལེན་བྱེད་ཐུབ་པ་རེད།

XS
SM
MD
LG