ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཕ་མ་བུ་ཕྲུག་ཁ་བྲལ་གྱི་སེམས་ངལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཨ་མི་རི་ཀའི་ས་མཚམས་སུ་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་ཡོང་གི་ཡོད་པ་དང་སྲིད་འཛིན་ཌོན་ནལ་ཊོམ་གྱིས་ཁྲིམས་འགལ་གྱི་ཕྱི་མི་ཡུལ་སྤོར་པ་ཚོ་ཕ་མ་བུ་ཕྲུག་ཁ་བྲལ་གཏོང་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། ཕྲུ་གུ་ཁག་ཅིག་ལྕགས་དྲྭའི་ནང་དུ་བཅུག་པར་ཨ་རིའི་གཞུང་ལ་རྒྱལ་ཁབ་ཕྱི་ནང་གཉིས་སུ་སྐྱོན་བརྗོད་དྲག་པོ་ཕོག གཟའ་འཁོར་སྔོན་མར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བཀའ་རྒྱ་བཏང་ནས་སྐྱབས་བཅོལ་བ་ཚོ་ཕ་མ་བུ་ཕྲུག་ཁ་བྲལ་གཏོང་རྒྱུ་མཚམས་འཇོག་བྱ་དགོས་པའི་ཐག་བཅད། ད་ལྟ་སྐྱབས་བཅོལ་བ་ཚོ་ཕ་མ་བུ་ཕྲུག་ཁ་བྲལ་གཏོང་གི་མེད་པ་དང་ཕ་མ་དང་བུ་ཕྲུག་ཁ་བྲལ་བཏང་ཟིན་པ་ཁག་ཅིག་ཀྱང་བསྐྱར་དུ་ལྷན་འཛོམས་བྱུང་མོད། འོན་ཀྱང་ད་དུང་ཡང་ཨ་མི་རི་ཀའི་ས་མཚམས་ཀྱི་སྐྱབས་བཅོལ་བའི་སྡོད་སྒར་ཁག་ཏུ་ཕ་མ་དང་ཁ་བྲལ་བཏང་ཟིན་པའི་ཕྲུ་གུ་༢༣༠༠་ལྷག་ཡོད་པ་རྣམས་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་གཞུང་ལ་ཕ་མ་མ་ཕྲུག་བསྐྱར་དུ་ལྷན་འཛོམས་ཇི་ལྟར་བྱེད་དུ་འཇུག་རྒྱུ་ཡིན་མིན་འཆར་གཞི་གསལ་བོ་ཞིག་མེད་ཅིང་། དབུས་ཨ་མི་རི་ཀའི་རྒྱལ་ཁབ་གོ་ཊ་མ་ལ་ནས་ཡོང་བའི་བུད་མེད་ཅིག་གི་བུ་ཆུང་ཞིག་ཁ་སྔོན་ཕྱི་ཟླ་༥་པ་ནས་ཨ་མ་དང་ཁ་བྲལ་བཏང་སྟེ་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་མ་བུ་གཉིས་བསྐྱར་དུ་ཐུག་འཕྲད་བྱུང་། གོ་ཊ་མ་ལའི་སྐྱབས་བཅོལ་བ་བུད་མེད་གཞན་ཞིག་གི་བུ་ཆུང་ལོ་ན་༧་ལ་སོན་པ་ཞིག་ཨ་རིའི་ས་མཚམས་སྲུང་སྐྱོབ་པས་མ་བུ་གཉིས་ཁ་བྲལ་བཏང་རུང་ཨ་མི་རི་ཀའི་ཁྲིམས་རྩོད་པ་ཞིག་གིས་རོགས་རམ་ལ་བརྟེན་ནས་མ་བུ་གཉིས་བསྐྱར་དུ་ལྷན་འཛོམས་བྱུང་འདུག ཨ་རིའི་གཞུང་གིས་འགྲེམ་སྤེལ་བྱས་པའི་བརྙན་གཟུགས་ནང་དུ་སྐྱབས་བཅོལ་བའི་བུ་ཕྲུག་ཚོར་ཡི་གེ་སློབ་པ་དང་རི་མོ་འབྲི་རུ་འཇུག་པ། ཁོ་ཚོར་ལྟོ་དུས་གསུམ་ལ་བྱ་ཤ་དང་ཤིང་ཏོག བག་ལེབ་དང་སྒོ་ང་སོགས་སྟེར་གྱི་ཡོད་པ་དང་བུ་ཕྲུག་རེར་ཉལ་ཁྲི་དང་མལ་ཆས་གཙང་མ་ཡོད་པ། ཁོ་ཚོར་བརྙན་འཕྲིན་བལྟ་རྒྱུ་དང་གློག་གཟུགས་ཀྱི་རྩེད་མོ། ཕྲུ་གུ་རྒན་པ་ཚོར་རྐང་རྩེད་ལྒང་ལི་རྩེ་རུ་འཇུག་གི་ཡོད་ཀྱང་ཕྲུ་གུ་མང་པོ་ཞིག་ལྕགས་དྲྭའི་ནང་དུ་བཅུག་ཡོད་པར་གསར་འགོད་པ་དང་གྲོས་ཚོགས་འཐུས་མི། ཨ་མི་རི་ཀའི་གྲངས་ཉུང་མི་རིགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ངོ་རྒོལ་དང་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད་ཅིང་། ཨ་མི་རི་ཀའི་མི་རིགས་དཀར་པོ་མཆོག་འཛིན་པ་ཚོས་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྐྱབས་བཅོལ་བ་བཀག་སྡོམ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་རྒྱབ་སྐྱོར་ཡོད་ཅེས་སྐད་འབོད་གྱི་ལས་འགུལ་སྤེལ། ཨ་མི་རི་ཀའི་གསོ་རིག་མཐུན་ཚོགས་ཀྱི་མཁས་པ་ཚོས་ཕ་མ་དང་བུ་ཕྲུག་ཁ་བྲལ་བཏང་ནས་ཕྲུ་གུའི་སེམས་ཁམས་ལ་མི་ཚེ་ཧྲིལ་བོར་གནོད་སྐྱོན་ཕོག་སྲིད། ཕྲུ་གུ་ལ་ཆུང་དུས་ནས་སེམས་ཁམས་ཀྱི་གནོན་ཤུགས་ཆེན་པོ་ཐེབས་ན་ལོ་ཚད་ལ་གཞིགས་པའི་ཡི་གེ་འབྲི་ཀློག་མི་ཐུབ། ཕྲུ་གུ་དེ་མི་ཚེ་ཧྲིལ་བོར་སྐྲག་དངངས་འོག་ནས་ཐར་མི་ཐུབ་པའི་ཉེན་ཀ་འབྱུང་སྲིད་ཅེས་བཤད་ཡོད་པར་མ་ཟད། བྷོ་སི་ཊོན་སློབ་གྲྭ་ཆེན་མོའི་གསོ་རིག་གླིང་གི་སེམས་ཁམས་རིག་པ་བ་ཧྥོར་ཐུ་ན་ཞེས་པ་ཞིག་གིས་ཕྲུ་གུ་ཚོར་ཕ་མའི་བྱམས་བརྩེ་མ་ཐོབ་པ་དང་དུས་ཐོག་ཏུ་བཟའ་བཏུང་ནན་གྱིས་མ་སྤྲད་པ། ཕ་མ་དང་མི་རྒན་པའི་བྱམས་སྐྱོང་ཐོབ་ཀྱི་མེད་པ་མང་པོ་ཞིག་འབྱུང་གི་འདུག ཕྲུ་གུ་དེ་ཚོས་སེམས་ངལ་ཆེན་པོ་ཞིག་མྱོང་གི་འདུག་ཅེས་བཤད། ཨ་རིའི་ས་མཚམས་ཀྱི་སྐྱབས་བཅོལ་བའི་སྡོད་སྒར་ཁག་གི་ལས་སྣེ་ཚོས་ཁྲིམས་དང་སྒྲིག་གཞིའི་ཆ་ནས་ཕྲུ་གུ་ཚོར་ལག་པ་འཆང་ཆོག་གི་མི་འདུག་ཅེས་བཤད་ཀྱང་སྤྱི་ཚོགས་ཞབས་ཞུ་བ་ཚོས་ཕྲུ་གུ་ཚོར་ལག་པ་འཆང་ནས་བྱམས་སྐྱོང་བྱ་རྒྱུ་སེམས་ཁམས་ལ་གལ་འགངས་ཆེན་པོ་ཡིན། དཔེར་ན་ཕྲུ་གུ་མར་འབྱར་ཞིག་མི་རྒན་པ་ཞིག་གི་བྲང་ལ་སྦྱར་ནས་ཕར་ཚུར་གཡུགས་ན་ཕྲུ་གུ་དེས་མི་རྒན་པ་དེའི་སྙིང་གི་འཕར་ལྡིང་ཤེས་ཚོར་ཐུབ། མི་རྒན་པ་དེས་ཀྱང་ཕྲུ་གུའི་སྙིང་གི་འཕར་ལྡིང་ཤེས་ཚོར་ཐུབ། དེར་བརྟེན་མི་དང་མིའི་བར་གྱི་བརྩེ་བ་ཞིག་འཕེལ་གྱིན་ཡོད། ཕྲུ་གུ་དེར་སྐྲག་སྣང་མེད་པར་ལུས་སེམས་བདེ་ལ་འཁོད་པའི་དགེ་མཚན་ཡོད་ཅེས་བཤད་འདུག སེམས་ཁམས་རིག་པ་བ་ཧྥོར་ཐུ་ན་དེ་ལ་མོས་མཐུན་ཡོད་པ་སྟེ། ཁོང་གིས་ཕྲུ་གུ་ལ་ལག་པ་འཆང་ན་བྱམས་སྐྱོང་བྱེད་ཀྱི་ཡོད་པ་ཤེས་ཚོར་ཐུབ། ཕྲུ་གུ་ལ་ལག་པ་མ་འཆང་ན་སྐྲག་ནས་འཁུམ་འགྲོ་བ་དང་གཞན་ལ་འབྲེལ་བ་ཇི་ལྟར་བྱ་དགོས་པ་མི་ཤེས། ཕྲུ་གུ་དེར་གཞན་ལ་ཡིད་ཆེས་བྱེད་ཐུབ་པའི་གདེང་ཚོད་མི་སླེབས། ཁོ་ཚོ་སླར་ཡང་ཕ་མའི་མཉམ་དུ་ལྷན་འཛོམས་བྱུང་ཡང་ཕྲུ་གུ་དེས་དགའ་སྐྱོ་ཆགས་སྡང་གི་ཚོར་བ་རྣམས་སེམས་ལ་ཉར་ནས་ཕྱི་ལ་མི་སྟོན། སེམས་ཀྱི་ཚོར་བ་རྣམས་ཕྱི་ལ་མ་བསྟན་ན་སྲོག་རླུང་གི་ན་ཚར་འགྱུར་སྲིད་པའི་ཉེན་ཀ་ཡོད་ཅེས་བཤད། ཨ་རིའི་གཞུང་གིས་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་རྣམས་འཚོ་བ་དང་དཔལ་འབྱོར། བུ་ཕྲུག་གི་ཤེས་ཡོན་དོན་དུ་ཨ་མི་རི་ཀར་ཁྲིམས་འགལ་བྱས་ནས་ཡོང་གི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་རུང་སྐྱབས་བཅོལ་བ་མང་པོ་ཞིག་ལ་རང་ཡུལ་དུ་རྐུན་ཇག་དང་དུད་ནག་ཉོ་ཚོང་བྱེད་མཁན་སོགས་ཀྱིས་འཇིགས་སྐུལ་བྱས་ནས་འཚོ་ཐབས་བྲལ་ཞིང་། བུད་མེད་སྐྱབས་བཅོལ་བ་ཁག་ཅིག་ལ་ཁྱོ་གས་རྡུང་རྡེག་བཏང་ནས་ཨ་མི་རི་ཀར་བྲོལ་བྱོལ་དུ་ཡོང་གི་ཡོད་པས་ཨ་མི་རི་ཀའི་ས་མཚམས་སྲུང་སྐྱོབ་པ་ཚོས་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་རྣམས་ས་མཚམས་སུ་བཀག་ནས་ཕ་མ་མང་པོ་ཞིག་རང་ཡུལ་ལ་ཕྱིར་སློག ཕྲུ་གུ་ཉུང་ཤས་རེ་ཨ་མི་རི་ཀའི་ཁྱིམ་ཚང་ཁག་གིས་གསོ་ཕྲུག་ལ་ཉར་འཛིན། སྐྱབས་བཅོལ་བ་མང་པོ་ཞིག་ལ་ཨ་མི་རི་ཀའི་དམག་གིས་གུར་བརྒྱབ་ནས་ཉར་འཇོག་བྱེད་ཀྱི་ཡོད་པ་དང་། ད་སྔ་ཨ་མི་རི་ཀའི་སྤྱི་ཚོགས་སུ་སིམ་འཛུལ་བྱས་ཟིན་པའི་ཁྲིམས་འགལ་གྱི་ཕྱི་མི་ཡུལ་སྤོར་པ་ས་ཡ་༡༠་ལྷག་ཡོད་པ་དེ་དག་གི་གནས་སྟངས་ཐག་ཆོད་མེད། དེས་ན་ཨ་རིའི་ས་མཚམས་སུ་ཉིན་ལྟར་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་ཡོང་རྒྱུ་མཚམས་ཆད་ཀྱི་མེད་པ་དཀའ་ངལ་གསར་པ་ཞིག་ཡིན་པ་དང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་རིའི་སྤྱི་ཚོགས་སུ་ཁྲིམས་འགལ་གྱི་ཕྱི་མི་ཡུལ་སྤོར་པ་ཚོར་སྡང་ཟུག་བྱེད་པའམ། ཡང་ན་ཁྲིམས་མཐུན་དུ་ཨ་མི་རི་ཀར་ཡོང་བའི་ཕྱི་མི་ཡུལ་སྤོར་པ་རྣམས་ལ་སྡང་ཟུག་བྱ་རྒྱུ་ཤུགས་ཆེ་རུ་སོང་ཡོད་པ་རེད།།

XS
SM
MD
LG