ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དམངས་གཙོ་ཚོགས་པའི་འོས་མི་བཅུའི་བགྲོ་གླེང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༩་པའི་ཚེས་༡༢་གྱི་དགོང་མོར་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པའི་བགྲོ་གླེང་ཐེངས་གསུམ་པ་ཚོགས། མདང་དགོང་གི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པའི་བགྲོ་གླེང་ལ་མི་༡༠་ཡོད་པ་དེ་དག་གིས་འཕྲོད་བསྟེན་ལྟ་སྐྱོང་དང་མེ་མདའ་བཀག་སྡོམ། མི་རིགས་མཐུན་སྒྲིལ། ལོ་རྗེས་མར་སྲིད་འཛིན་ཌོ་ནལ་ཊམ་ལ་ཁ་གཏད་ཇི་ལྟར་གཅོག་དགོས་མིན་བཅས་ལ་བགྲོ་གླེང་རྣོ་ངར་ཅན་ཞིག་བྱ་དགོས་ཀྱང་རྒྱལ་ཁབ་ཀྱི་རྩ་དོན་ཆེ་ཁག་དང་མ་འོངས་པའི་སྲིད་ཇུས་ལ་གྲོས་བསྡུར་བྱ་རྒྱུའི་ཚབ་ཏུ་ནང་ཁུལ་དུ་རྩོད་པ་བརྒྱབ་ནས་སྐྱོན་བཙུགས། སྲིད་འཛིན་འོས་མིའི་འགྲན་རྩོད་པ་བྷུ་ཊི་ཇཱེས་བགྲོ་གླེང་དེར་ལྟ་ཉན་བྱེད་ཐུབ་པ་ཞིག་མ་རེད་ཅེས་སྐྱོན་བརྗོད་བྱས་པ་དང་སྲིད་འཛིན་འོས་མིའི་འགྲན་རྩོད་པ་ཨེ་མཱི་ཁོལ་བྷ་ཆར་གྱིས་ང་ཚོ་ནང་ཁུལ་དུ་ཁ་མ་འཆམ་ན་ཕྱིའི་དོན་མི་འགྲུབ་ཟེར་པ་ལྟར་ཡིན་པས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་ཚོ་ནང་ཁུལ་དུ་རྩོད་གླེང་མེད་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་དགོས་ཞེས་འབོད་སྐུལ་ཞུས། ཧུ་ལི་ཡན་ཁེ་སི་ཊི་རོས་གར་སྟེགས་སུ་ཅི་ཞིག་འབྱུང་གི་ཡོད་པ་ནི་འོས་འདེམས་རེད་ཅེས་དགག་པ་བརྒྱབ།

ཐོག་མར་ཕྱི་ལོ་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་དམངས་གཙོ་ཚོགས་པའི་ཁོངས་ནས་མི་༢༠་ཐམ་པ་སྲིད་འཛིན་འོས་མིའི་འགྲན་རྩོད་ལ་ཞུགས་ཀྱང་མདང་དགོང་ཨ་རིའི་ཧིའུ་སི་ཊོན་གྲོང་ཁྱེར་དུ་ཚོགས་པའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པའི་བགྲོ་གླེང་ཐེངས་གསུམ་པར་སྲིད་འཛིན་འོས་མིའི་འགྲན་རྩོད་པ་༡༠་ལས་མེད་ཅིང་། ཁོ་ཚོའི་བགྲོ་གླེང་དེར་ཁུངས་ལུང་དེ་ཙམ་མེད་པ་དང་ངར་པོ། ནང་ཁུལ་མི་མཐུན་པ་དང་གཅིག་གྱུར་གྱི་ཁ་ཕྱོགས་མེད་པ། ཐ་ན་སྐབས་འགར་སྲིད་འཛིན་ཌོ་ནལ་ཊམ་ལ་ཁ་གཏད་གཅོག་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པའི་རྣམ་པ་ཞིག་མངོན།

དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་ཁག་ཅིག་གིས་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་གྱི་སྲིད་ཇུས་དང་འཆར་གཞི་ལ་སྐྱོན་བརྗོད་བྱས་པར་མ་ཟད། སྤྱི་ཡོངས་ཀྱི་ཆ་ནས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་ཚོས་འཕྲོད་བསྟེན་ལྟ་སྐྱོང་གི་འཆར་གཞི་དང་སྲིད་ཇུས། ཨ་མི་རི་ཀ་བ་ཡོད་དོ་ཅོག་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཡོད་པ། སྨན་ཁང་དང་སྨན་པ། འཕྲོད་བསྟེན་ལྟ་སྐྱོང་འགན་སྲུང་ཁང་དང་སྨན་བཟོ་ཚོང་ཁང་དེ་དག་གིས་ནད་པའི་ལག་ནས་སྨན་ཡོན་ཚད་ལས་བརྒལ་བ་ལེན་གྱི་ཡོད་པ་འགོག་ཐབས་བྱ་དགོས་པར་གྲོས་བསྡུར་གཙོ་བོ་བྱས་འདུག ཨ་རིའི་གསར་འགྱུར་ལས་ཁང་ཆེ་ཁག་གིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཨ་ལི་ཛ་བྷེ་ཐེ་ཝོ་རན། ཝྭོར་མོན་མངའ་སྡེའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བྷར་ཎི་སན་ཌར་གསུམ་གྱི་གང་རུང་ཞིག་ལོ་རྗེས་མར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་ཐོན་འབྱུང་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་མོད། འོན་ཀྱང་མ་འོངས་པའི་ལོ་གཅིག་ལྷག་གི་རིང་དེར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་ཚོས་མི་མང་གི་བདེ་སྡུག་དང་རྒྱལ་ཁབ་ཀྱི་རྩ་དོན། ཨ་རིའི་ཕྱི་སྲིད་དང་ནང་སྲིད། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སློབ་ཡོན་སོགས་ལ་འཆར་གཞི་དང་སྲིད་ཇུས་གཏན་འབེབས་བྱུང་ཚེ། ཨ་མི་རི་ཀ་བ་ཚོས་རྒྱབ་སྐྱོར་བྱ་ཡུལ་གྱི་འོས་མི་ལ་འགྱུར་བ་ཐེབས་སྲིད།

མདང་དགོང་གི་བགྲོ་གླེང་དུས་སུ་ཧུ་ལི་ཡེན་ཁོ་སི་ཊི་རོས་སྲིད་འཛིན་ཨོ་བྷ་མའི་དུས་སུ་ཕྱི་མི་སྐྱབས་བཅོལ་བ་ས་ཡ་འགའ་ཞིག་རང་ཡུལ་ལ་ཕྱིར་སློག་བྱས་པར་སྐྱོན་བརྗོད་ཀྱིས་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་གྱིས་རང་ཉིད་སྲིད་འཛིན་ཨོ་བྷ་མའི་བྱས་རྗེས་ལ་འབྲེལ་བ་མཐུད་ཐབས་བྱས་ཀྱང་དེའི་ནོར་འཁྲུལ་ལ་ངོས་ལེན་བྱེད་ཀྱི་མི་འདུག་ཅེས་སྐྱོན་བཙུགས། ཇཱོ་བྷ་ཌན་གྱིས་སྲིད་འཛིན་ཨོ་བྷ་མར་ལོ་༨་ཀྱི་རིང་དུ་ལེགས་ཉེས་ཅི་ཞིག་བྱུང་རུང་ང་དེ་ལ་རྒྱབ་སྐྱོར་ཡོད་ཅེས་ལན་བཏབ། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པའི་བགྲོ་གླེང་ཐེངས་གསུམ་པའི་མགོ་སྟོད་དེར་ཇཱོ་བྷ་ཌན་དང་ཨ་ལི་ཛ་བྷེ་ཐེ་ཝོ་རན། བྷར་ཎི་སན་ཌར་གསུམ་ཨ་མི་རི་ཀ་བ་ཚོར་ཀུན་ཁྱབ་ཀྱི་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་འཆར་གཞི་ཅི་ཞིག་དགོས་མིན་ལ་བགྲོ་གླེང་ལྷུག་པོ་བྱུང་། ཨ་རི་ཛ་བྷེ་ཐེ་ཝོ་རན་གྱིས་བྷར་ཎི་སན་ཌར་གྱི་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་འཆར་གཞི་དེར་རྒྱབ་སྐྱོར་བྱས་པས་ཇཱོ་བྷ་ཌན་གྱིས་གྲོས་ཚོགས་འཐུས་མི་ཝོ་རན་དང་བྷར་ཎི་སི་ཐན་གྱི་འཆར་དེ་སྒེར་གཉེར་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་ལུགས་མེད་པར་བཏང་ནས་གཞུང་གཉེར་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་ལུགས་འབའ་ཞིག་ལ་འགྱུར་རྒྱུ་རེད་ཅེས་སྐྱོན་བསྟན། ཁོ་པས་དེ་ལས་ཨ་མི་རི་ཀ་བ་ཚོར་གཞུང་གཉེར་དང་སྒེར་གཉེར་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་ལུགས་གཉིས་ཀ་གདམ་ཀ་ཡོད་པ་ཞིག་བྱ་འཆར་ཡོད་ཅེས་འགྲེལ་བཀྲལ།

ཇཱོ་བྷ་ཌན་གྱི་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་འཆར་གཞི་དེར་བྷུ་ཊི་ཇཱེ་དང་ཨེ་མཱི་ཁོལ་བྷ་ཆར་གཉིས་ཀྱི་རྒྱབ་སྐྱོར་ཐོབ། བྷར་ཎི་སི་ཐན་གྱི་འཕྲོད་བསྟེན་ལྟ་སྐྱོང་གི་འཆར་གཞིའི་ཁོངས་སུ་སྒེར་གཉེར་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་སྲོལ་མེད་པར་བཏང་འདུག ཨ་མི་རི་ཀ་བ་དུང་ཕྱུར་༡་དང་ཕྱེད་ཀ་མ་ཟིན་ཙམ་ལ་སྒེར་གཉེར་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་ཡོད་པ་མེད་པར་གཏོང་རྒྱུ་རེད། ང་ཚོས་ཨ་མི་རི་ཀའི་མི་དམངས་ལ་གཞུང་གཉེར་དང་སྒེར་གཉེར་འཕྲོད་བསྟེན་ལྟ་སྐྱོང་གི་གདམ་ཀ་གཉིས་ཀ་སྤྲོད་དགོས་ཞེས་བཤད། སྲིད་འཛིན་འོས་མིའི་འགྲན་རྩོད་པ་བྷེ་ཐོ་ཨོ་ཝོར་ཁེ་དང་ཁོ་རི་བྷུ་ཁར་གཉིས་ཀྱི་ཨ་མི་རི་ཀའི་མེ་མདའ་ཉོ་ཚོང་ལ་བཀག་སྡོམ་མེད་པར་མི་གསོད་ཁྲག་སྦྱོར་ཆེན་པོ་ཞིག་འབྱུང་གི་འདུག མེ་མདའ་ཉོ་མཁན་གྱི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱ་དགོས་པ་དང་མདེའུ་བརྒྱ་ཕྲག་མང་པོ་འཕེན་ཐུབ་པའི་འཕྲུལ་མདའི་རིགས་རྣམས་བཙོང་མི་ཆོག་པའི་བཀག་སྡོམ་བྱ་དགོས་ཞེས་བགྲོ་གླེང་ངར་པོ་བྱས་ཤིང་། ཉེ་ཆར་ཨལ་ཕ་སོ་ས་གནས་སུ་མི་གསོད་ཁྲག་སྦྱོར་བྱུང་སྟེ་གྲོས་ཚོགས་འཐུས་མི་བྷེ་ཐོ་ཨོ་ཝོར་ཁེ་ས་གནས་སུ་ཕེབས་ནས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱས་པར་ཇཱོ་བྷ་ཌན་དང་ཀ་མ་ལ་ཧ་རི་སི། ཧུ་ལི་ཡན་ཁེ་སི་ཊི་རོ་བཅས་ཀྱིས་བསྔགས་པ་བརྗོད། བྷེ་ཐོ་ཨོ་ཝོར་ཁེས་བགྲོ་གླེང་གི་མཐའ་མཇུག་དེར་སྲིད་འཛིན་ཌོ་ནལ་ཊམ་གྱི་མི་རིགས་དཀར་པོ་མཆོག་འཛིན་གྱི་སྲིད་ཇུས་ལ་ཁ་རྡུང་དྲག་པོ་བཏང་སྟེ་ཨ་མི་རི་ཀའི་མི་རིགས་དཀར་པོ་མཆོག་འཛིན་གྱི་ལྟ་བར་ངོ་རྒོལ་བྱ་དགོས། ཨ་རིའི་ཕོ་བྲང་དཀར་པོར་མི་རིགས་དཀར་པོ་མཆོག་འཛིན་པ་ཞིག་འདུག་ཅེས་ཌོ་ནལ་ཊམ་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པའི་བགྲོ་གླེང་ཐེངས་དང་པོ་དང་གཉིས་པའི་སྐབས་སུ་ཁེ་ལི་ཧྥོ་ཎི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཀ་མ་ལ་ཧ་རི་སི་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་གྱི་ཁ་གཏད་པ་གཙོ་བོར་གྱུར། མདང་དགོང་ཀ་མ་ལ་ཧ་རི་སིས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགན་རྩོད་པ་གཅིག་ལའང་སྐྱོན་བརྗོད་དང་ཁ་གཏད་མ་བཅག་པར་སྲིད་འཛིན་ཌོ་ནལ་ཊམ་དམིགས་འབེན་དུ་བཟུང་། ཁོ་མོའི་བགྲོ་གླེང་འགོ་འཛུགས་དང་མཇུག་བསྡུའི་གཏམ་བཤད་གཉིས་ཀའི་དུས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱི་ཉེས་སྐྱོན་དང་གྲུབ་འབྲས་སྟོན་རྒྱུ་མེད་པ། འདས་པའི་ལོ་གསུམ་གྱི་རིང་དེར་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་ནས་ཨ་མི་རི་ཀར་ཁ་ཆག་སྣ་རལ་དང་བཀྲ་མ་ཤིས་པ་ཇི་སྙེད་ཅིག་བྱུང་བ་རྣམས་ཐེར་འདོན་བྱས་པ་དང་། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་རྣམས་ཧིའུ་སི་ཊོན་གྲོང་ཁྱེར་དུ་བགྲོ་གླེང་ཐེངས་གསུམ་པར་ཚོགས་པའི་སྐབས་དེར་སྲིད་འཛིན་ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་ཁང་གིས་བར་སྣང་ལ་གནམ་གྲུ་བཏང་སྟེ་འཕྲེད་དར་ཆེན་པོ་ཞིག་བཏགས་ཡོད་པ་དེའི་ཐོག་ཏུ་སྤྱི་ཚོགས་རིང་ལུགས་ཀྱིས་ཧིའུ་སི་ཊོན་གྲོང་ཁྱེར་གྱི་དཔལ་འབྱོར་ཉམས་ཉེས་གཏོང་གི་རེད། ཌོ་ནལ་ཊམ་ལ་འོས་ཤོག་འཕེན་དགོས་ཞེས་ཡིག་ཆེན་བྲིས་པ་ཞིག་བསྒྲེངས། ཕྱི་ཟླ་༡༠་ཚེས་༡༥་དང་༡༦་གཉིས་ལ་ཨ་རིའི་ཨོ་ཧ་ཡེ་འོ་མངའ་སྡེའི་ས་གནས་ཤིག་ཏུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པའི་བགྲོ་གླེང་ཐེངས་༤་པ་ཚུགས་འཆར་ཡོད་ཅིང་། སྐབས་དེའི་བགྲོ་གླེང་ལ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་༡༡་མཉམ་ཞུགས་བྱེད་ཆོག་པའི་ཆ་རྐྱེན་ཚང་རུང་སྲིད་འཛིན་འོས་མིའི་འགྲན་རྩོད་པ་ཚང་མ་བགྲོ་གླེང་དེར་མཉམ་ཞུགས་བྱ་འཆར་ཡོད་མེད་གསལ་པོ་རེད།།

XS
SM
MD
LG