ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༡/༡༩

དཀར་པོ་ཆེ་བུ་འཁྲིད་ལ་འོས་འདེམས་ཀྱི་རྒྱལ་ཁ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བྱང་ཨ་རིའི་རྒྱལ་ཁབ་ཆེན་པོ་ཁེ་ན་ཌའི་མངའ་སྡེ། ཨོན་ཊ་རི་འོ་མངའ་སྡེ་དེའི་པག་ཌེལ་དང་ཧ་ཡེ་པཀ་ས་གནས་ཀྱི་དམངས་གཙོ་གསར་པ་སྲིད་དོན་ཚོགས་པའི་ས་གནས་གྲོས་ཚོགས་ཀྱི་འོས་མི་བོད་པ་དཀར་པོ་ཆེ་བུ་འཁྲིད་ལ་ས་གནས་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་རྒྱལ་ཁ་ཐོབ་འདུག འདི་ནི་བོད་པ་ཞིག་ལ་ཁེ་ན་ཌ་རྒྱལ་ཡོངས་སམ། ཡང་ན་ཨ་གླིང་ཡོངས་སུ་བོད་པ་ཞིག་ཆབ་སྲིད་ལ་ཞུགས་ནས་འབྲེལ་ཡོད་རྒྱལ་ཁབ་དེའི་དམངས་གཙོའི་འོས་འདེམས་ནང་རྒྱལ་ཁ་ཐོབ་པ་ཐེངས་དང་པོ་ཡིན་ཞིང་། དཀར་པོ་ཆེ་བུ་འཁྲིད་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་གསལ་བསྒྲགས་བྱས་པའི་རྗེས་སུ་དམངས་གཙོ་གསར་པ་སྲིད་དོན་ཚོགས་པའི་རྒྱབ་སྐྱོར་པ་ཚོས་དགའ་སྤྲོའི་སྐད་སྒྲ་སྒྲོག་པར་མ་ཟད། འཛམ་གླིང་རྒྱལ་ཁབ་གང་སར་ཁ་འཐོར་ཡོད་པའི་བོད་པ་བཙན་བྱོལ་པའི་སྤྱི་ཚོགས་ཁག་ཏུའང་གཏམ་བཟང་གི་གསར་འགྱུར་འདི་ཁྱབ་སྤེལ་ཤུགས་ཆེན་བྱུང་སྟེ་བོད་པ་ན་གཞོན་ཚོར་སེམས་སྐུལ་དང་མིག་དཔེ་བཟང་པོ་ཞིག་བསྟན། ད་ལྟ་དཀར་པོ་ཆེ་བུ་འཁྲིད་ནི་ལོ་ན་༣༤་དང་༢༠༠༢་ལོར་བལ་ཡུལ་ནས་ཁེ་ན་ཌར་གནས་སྤོར་གཞིས་ཆགས་སུ་ཕེབས་འདུག ཁོ་མོས་བོད་སྐད་དང་དབྱིན་སྐད། རྒྱ་གར་སྐད་དང་བལ་བོའི་སྐད་བཅས་སྐད་ཡིག་བཞི་ཤེས་པ་དང་། འདས་པའི་ལོ་༨་ཀྱི་རིང་དེར་པཀ་ཌེལ་ཧ་ཡེ་པག་ས་གནས་ཀྱི་གྲོས་ཚོགས་འཐུས་མི་ཆཱེ་རི་ཌི་ནོ་ཝྭོའི་ལས་རོགས་ཀྱི་སྲི་ཞུ་བསྒྲུབས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་བསགས། ད་ལྟ་གྲོས་ཚོགས་འཐུས་མི་ཆཱེ་རི་ཌི་ནོ་ཝྭོ་བགྲེས་ཡོལ་ལ་ཕེབས་པའི་ཚབ་དེར་དམངས་གཙོ་གསར་པ་སྲིད་དོན་ཚོགས་པའི་འོས་མིར་དཀར་པོ་ཆེ་བུ་འཁྲིད་ལངས། གྲོས་ཚོགས་འཐུས་མི་ཟུར་པ་ཆཱེ་རི་ཌི་ནོ་ཝྭོས་ངས་དམངས་གཙོ་གསར་པ་སྲིད་དོན་ཚོགས་པའི་ས་མིག་གི་དཔལ་འབྱོར་འདི་དཀར་པོ་ཆེ་བུ་འཁྲིད་ལ་བརྒྱུད་སྤྲོད་ཐུབ་པར་ཧ་ཅང་དགའ་ཚོར་བྱུང་། ཁོ་མོ་ཤེས་འཇོན་དང་ཉམས་མྱོང་། ལྷག་བསམ་བཅས་ཕྱོགས་གང་ཐད་ནས་དམངས་གཙོ་གསར་པ་སྲིད་དོན་ཚོགས་པའི་འོས་མི་མཆོག་ཏུ་གྱུར་པ་ཞིག་ཡིན་ཞེས་གསལ་བསྒྲགས་སྤེལ། པག་ཌེལ་ཧ་ཡེ་པག་ས་གནས་ཀྱི་གྲོས་ཚོགས་འཐུས་མི་ཆཱེ་རི་ཌི་ནོ་ཝྭོའི་མཉམ་དུ་དཀར་པོ་ཆེ་བུ་འཁྲིད་ཀྱིས་འབད་བརྩོན་བསྟུད་མར་བྱས་ནས་ས་གནས་དེའི་སློབ་གྲྭ་ཁག་ལ་འགྲོ་གྲོན་འཕར་སྣོན་ཐོབ་པ་དང་ཁང་གླ་སྟངས་འཛིན་གྱི་བཅའ་ཁྲིམས་གཏན་འབེབས། ས་གནས་ཀྱི་འཛུགས་སྐྲུན་ཁག་ལ་མང་ཚོགས་ཀྱི་བསམ་འཆར་བསྡུ་དགོས་པ་དང་ལས་མིའི་ཐོབ་ཐང་སྲུང་སྐྱོབ། ས་གནས་གཞུང་གིས་མི་དམངས་ལ་འགན་འཁྲི་ལེན་དགོས་པའི་བཅའ་ཁྲིམས་རིམ་པ་ཞིག་ས་གནས་གྲོས་ཚོགས་སུ་གཏན་འབེབས་བྱས་ཏེ། དཀར་པོ་ཆེ་བུ་འཁྲིད་ཀྱིས་ས་གནས་སྲིད་གཞུང་ལ་སྲིད་དོན་ཚོགས་པ་གང་གིས་དབང་སྒྱུར་བྱས་ཡོད་ཀྱང་ཁྱད་པར་མེད། ངས་སྲིད་དོན་ཚོགས་པ་ཁག་ལ་མཉམ་འབྲེལ་བྱས་ནས་རང་གི་འོས་འདེམས་ས་ཁུལ་གྱི་མི་མང་གི་ཐོབ་ཐང་རྩོད་རྒྱུ་དང་མི་མང་གི་བདེ་དོན་བསྒྲུབ་རྒྱུ་ཨང་དང་པོར་བརྩིས་ཡོད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG