ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༤/༢༦

ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝིན་བསྐྱར་དུ་འདེམས་ཐོན་བྱུང་བ།


དེ་རིང་གཟའ་སྤེན་པའི་ཉིན་གྱི་ཐེ་ཝན་འོས་བསྡུའི་ཁྲོད་ཐེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མ་ཚེ་དབྱིན་ཝིན་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་དང་། རྒྱལ་ཁའི་གཏམ་བཤད་ནང་སྲིད་འཛིན་གྱི་འོས་མི་གང་རུང་ལ་འོས་ཤོག་འཕེན་མཁན་ཚང་མར་དམངས་གཙོའི་རིན་ཐང་ལག་ལེན་བསྟར་ནས་འོས་ཤོག་བླུགས་པར་ཐུགས་རྗེ་ཆེ་ཞུས་ནས། ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་བྱེད་ཐེངས་རེས་འཛམ་གླིང་ཡོངས་ལ་རང་དབང་དམངས་གཙོའི་འཚོ་བ་རོལ་སྟངས་ལ་ཐེ་ཝན་མི་མང་གིས་གཅེས་འཛིན་བྱེད་པ་གསལ་བོར་བསྟན་ཡོད། དེ་རིང་ཐེ་ཝན་མི་མང་གིས་དམངས་གཙོ་ཡར་ཐོན་ཚོགས་པ་ལ་བསྐྱར་དུ་གཞུག་གི་ལོ་བཞིའི་རིང་རྒྱལ་ཁབ་འཛིན་སྐྱོང་གི་བདག་དབང་སྤྲད་པ་འདིས་འདས་པའི་ལོ་ངོ་བཞིའི་རིང་གི་ཆབ་སྲིད་ལམ་ཕྱོགས་ལ་མོས་མཐུན་ཡོད་པ་བསྟན་པ་དང་། འབྱུང་འགྱུར་ལོ་བཞིའི་རིང་དེ་སྔོན་བསྒྲུབ་མ་ཐུབ་པ་དང་མ་འདང་བ་ཚང་མ་སྔར་ལས་ལྷག་པ་ཞིག་བསྒྲུབ་ངེས་ཡིན་ཞེས་ཁས་ལེན་བྱས་ཡོད།

མཚོ་འགག་ཕྱོགས་གཉིས་ཀྱི་གནས་སྟངས་ཐད་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་བརྗོད་དོན་དུ། མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་ཞི་བདེ་བརྟན་འཇགས་ཀྱི་ཁས་ལེན་ལ་འགྱུར་བ་མེད་པ་དང་། དེ་བཞིན་ཐེ་ཝན་མཚོ་ཁུག་གི་ཞི་བདེ་བརྟན་འཇགས་སྲུང་སྐྱོབ་བྱ་རྒྱུའི་འགན་འཁྲི་ནི་མཚོ་འགག་ཕྱོགས་གཉིས་ཀར་ཡོད་ཅེས་གསུངས་ཡོད། དེ་བཞིན་དུ་རྒྱ་ནག་གཞུང་ལ་འབོད་སྐུལ་བརྒྱབ་དོན་དུ། ཞི་བདེ་དང་། འདྲ་མཉམ། དམངས་གཙོ། གྲོངས་མོལ་བཅས་ནི་མཚོ་འགག་ཕྱོགས་གཉིས་ཀྱི་ཡུན་གནས་བརྟན་འཇགས་ཡོང་ཐབས་འབའ་ཞིག་ཡིན་པ་དང་། དེ་ནི་མཚོ་འགག་ཕྱོགས་གཉིས་མི་དམངས་ཀྱི་སེམས་ཁམས་ཐག་ཇེ་ཉེ་དང་ཕན་ཚུན་ལ་ཕན་ཁེ་ཡོང་བྱེད་ཀྱི་ཐབས་ལམ་འབའ་ཞིག་ཡིན་ཟེར།ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕོམ་ཕེའོ་ཡིས་གསལ་བསྒྲགས་སྤེལ་ཏེ་སྲིད་འཛིན་ཚེ་དབྱིན་ཝིན་བསྐྱར་དུ་སྲིད་འཛིན་ལ་འདེམ་ཐོན་བྱུང་བར་རྟེན་འབྲེལ་ཞུས་ནས་ཐེ་ཝན་མི་དམངས་ཀྱིས་དམངས་གཙོའི་དམིགས་དཔེ་ཚུགས་པར་བསྔགས་བརྗོད་བྱས་ཡོད།

གཟའ་སྤེན་པའི་ཉིན་གྱི་འོས་བསྡུའི་ཁྲོད་དུ་ཐེ་ཝན་གྱི་ཁྲིམས་བཟོ་བ་༡༡༣ ལའང་འོས་ཤོག་འཕངས་པ་དང་། དམངས་གཙོ་ཡར་ཐོན་ཚོགས་པ་ལ་གདན་སྟེགས་༦༡ དང་། གོ་མིན་ཏང་ལ་གདན་སྟེགས་༣༨ ཐོབ་པའི་གསར་འགྱུར་ཐོན་ཡོད། ཐེ་ཝན་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་བྱས་པ་ལྟར་ན་ཐེངས་འདིའི་འོས་བསྡུ་ལ་ཐོ་འགོད་བྱེད་མཁན་ས་ཡ་༡༩ དང་སུམ་འབུམ་ཆིག་ཁྲི་ལྷག་བྱུང་ཡོད་པ་དང་། སྲིད་འཛིན་ཚེ་དབྱིན་ཝིན་ལ་འོས་ཤོག་ཡོངས་ལས་བརྒྱ་ཆའི་༥༧ དང་ཚེག་༡ ཐོབ་ཡོད་ལ། ཧན་ཀོ་ཡུ་ལ་བརྒྱ་ཆའི་༣༨ དང་ཚེག་༦ ཐོབ་ཡོད།།

XS
SM
MD
LG