ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ཕྱི་ཟླ་༥་ཚེས་༤་ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་ཚུད་པའི་ཐེ་ཝན་ལ་ཕྱི་འབྲེལ་ཚུགས་ཡོད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་བརྟན་པོ་ཡིན། ད་ལྟ་འཛམ་གླིང་ཐོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༩་ཡོད་ཅེས་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཚོར་སྙན་སེང་ཞུས་ཀྱང་རྒྱ་ནག་གི་གནོན་ཤུགས་དང་དཔལ་འབྱོར་རོགས་རམ་གྱི་བསླུ་བྲིད་འོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་རྒྱ་ནག་གི་ཕྱོགས་སུ་འགྲོ་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཚོས་ཕྱི་སྲིད་བློན་ཆེན་ལ་གདན་ས་ཝྭེ་ཊི་ཁན་དང་ཐེ་ཝན་གྱི་ཕྱི་འབྲེལ་གང་འདྲ་ཡོད་དམ་ཞེས་དྲིས་པར་ཕྱི་སྲིད་བློན་ཆེན་གྱིས་གདན་ས་ཝྭེ་ཊི་ཁན་དུ་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་ཁང་གིས་རྒྱ་ནག་སྐམ་ས་ཆེན་མོ་དང་གདན་ས་ཝྭེ་ཊི་ཁན་གཉིས་ཀྱི་གྲོས་མོལ་དེའི་རྒྱུད་རིམ་ཁག་ལ་རྟོག་ཞིབ་གཟབ་ནན་བྱེད་བཞིན་ཡོད་ཅེས་ལན་འདེབས་བྱས་འདུག ཉེ་ཆར་ཌོ་མི་ཎི་ཁན་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་སྐམ་ས་ཆེ་མོར་ཕྱི་འབྲེལ་བཙུགས་པ་དང་རྒྱ་ནག་གིས་ཌོ་མི་ཎི་ཁན་སྤྱི་མཐུན་རྒྱལ་ཁབ་ལ་ཨ་སྒོར་ཐེར་འབུམ་གསུམ་གྱི་དཔལ་འབྱོར་རོགས་རམ་སྤྲད་ཡོད། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་ལོ་ངོ་གཉིས་ཡས་མས་ཤིག་གི་སྔོན་ནས་ཐེ་ཝན་དང་ཌོ་མི་ཎི་ཁན་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་བར་འགལ་ཟླ་རིམ་པ་ཞིག་བྱུང་སོང་། ང་ཚོའི་ངོས་ནས་གང་ཐུབ་ཀྱིས་ཌོ་མི་ཎི་ཁན་སྤྱི་མཐུན་རྒྱལ་ཁབ་ལ་ཕྱི་འབྲེལ་རྒྱུན་འཛིན་བྱ་ཐབས་བྱས་ཡོད་ཅེས་འགྲེལ་བཤད་བརྒྱབ་ཀྱང་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཚོས་ཕྱི་འབྲེལ་བརྟན་པོ་འཛིན་རྒྱུ་ཁོ་ནར་དམིགས་པ་གཏད་པས་འགྲིག་གི་མེད། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་རང་གི་ཁེ་ཕན་གཙིགས་སུ་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛིན་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད། གོ་མིན་ཏང་གི་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་ནག་གི་གནོན་ཤུགས་དང་དཔལ་འབྱོར་རོགས་རམ་གྱི་བསླུ་བྲིད་འོག་ཏུ་ཐེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཧེ་ཊི་དང་ཧན་རྡུ་ར་སི་གཉིས་ཀྱིས་ཀྱང་ཡུན་རིང་མ་འགོར་པར་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་སྐམ་ས་ཆེན་མོར་ཕྱི་འབྲེལ་འཛུགས་སྲིད། པ་ན་མ་དང་ཌོ་མི་ཎི་ཁན་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་པེ་ཅིང་ལ་དོན་གཅོད་ཁང་བཙུགས་པའི་རྗེས་སུ་ཐེ་ཝན་ལ་ཕྱི་འབྲེལ་བཅད་སོང་། ད་ལྟ་ཧེ་ཊིའི་གཞུང་གིས་ཀྱང་པེ་ཅིང་ལ་དོན་གཅོད་ཁང་སྒོ་འབྱེད་བྱེད་ཀྱིན་འདུག ཧན་རྡུ་ར་སི་དང་རྒྱ་ནག་གི་ཚོང་འབྲེལ་ཡང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་གོང་འཁོད་རྒྱལ་ཁབ་དེ་དག་གིས་ཐེ་ཝན་ལ་ཕྱི་འབྲེལ་གཅོད་སྲིད་པའི་ཉེན་ཀ་འདུག་ཅེས་དོགས་སློང་བྱས་འདུག མ་དབྱིན་ཇུག་གིས་ལོ་༨་ལ་སྲིད་དབང་བཟུང་བའི་རིང་དེར་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་སོང་བ་དང་། རྒྱ་ནག་གཞུང་གིས་གནོན་ཤུགས་དང་དཔལ་འབྱོར་རོགས་རམ་སྤྲད་ནས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་པེ་ཅིང་གི་ཕྱོགས་སུ་བཀུག་མེད། ༢༠༡༦་ལོར་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་པའི་འགོ་ཁྲིད་ཚེ་དབྱིན་ཝེན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ནས་བཟུང་། རྒྱ་ནག་གིས་སླར་ཡང་ཐེ་ཝན་འཛམ་གླིང་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་བཏང་བ་དང་ཐེ་ཝན་ལ་རྒྱལ་སྤྱིའི་ཐོག་ཏུ་ཕྱི་འབྲེལ་གྱི་ཁོར་ཡུག་མེད་པར་གཏོང་ཐབས་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཚེ་དབྱིན་ཝེན་ལ་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ལ་ཁས་ལེན་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ལ་ཁས་ལེན་བྱེད་ཀྱི་མེད་པ་དང་། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་སྲིད་དབང་བཟུང་བའི་རིང་དེར་ཐེ་ཝན་རང་བཙན་ཡིན་ཞེས་གསལ་བསྒྲགས་བྱ་འཆར་མེད་ཅེས་ལན་འདེབས་བྱས་ཡོད། དེང་སྐབས་ཐེ་ཝན་མི་དམངས་ཀྱི་གྲས་སུ་མཚོ་གླིང་དེར་རྒྱ་ནག་གི་རིག་གཞུང་དར་ཡོད་པ་བདེན་པ་ཡིན་རུང་མཚོ་གླིང་དེའི་མི་དམངས་རྣམས་ཐེ་ཝན་པ་ཡིན། ཁོ་ཚོ་རྒྱ་ནག་པ་མིན་ཞེས་མི་རིགས་ཐ་དད་ཀྱི་འདུ་ཤེས་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།།

XS
SM
MD
LG