ངོ་འཕྲད་བདེ་བའི་དྲ་འབྲེལ།

ཊོམ་དང་ཀིམ་གྱི་ཐུག་འཕྲད་སྔ་ནུབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཕྱི་ཚེས་༡༢་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱིས་དུས་ཡུན་ཆུ་ཚོད་གཉིས་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་དང་། ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་དེར་ཕྱོགས་གཉིས་ཀྱི་འགོ་ཁྲིད་རྣམ་པའི་སྐད་སྒྱུར་གཉིས་མ་གཏོགས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་མཐོ་རིམ་གཞུང་འབྲེལ་མི་སྣ་གཅིག་ཀྱང་ལྷན་བཅར་ཞུ་རྒྱུ་མིན་རུང་ཕྱི་ཚེས་༡༡་གི་ཕྱི་དྲོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་སིང་ག་པུར་དུ་གསར་འགོད་ལྷན་ཚོགས་བསྐོངས་ཏེ། ཨ་མི་རི་ཀས་བྱང་ཀོ་རི་ཡར་བློ་དོགས་མེད་པའི་བདེ་འཇགས་འགན་ལེན་བྱ་དགོས། བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པར་འགྱུར་བ་མེད་ཅེས་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་དེའི་འགག་རྩ་གསལ་བཤད་བྱས་ཡོད་ཅིང་། སང་ཉིན་གྱི་ཐུག་འཕྲད་གྲོས་མོལ་ནི་ཨ་རིའི་སྲིད་འཛིན་ཞིག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཅིག་ཐུག་འཕྲད་གྲོས་མོལ་བྱུང་བ་ཐེངས་དང་པོ་ཡིན། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ང་ཚོའི་ཐུག་འཕྲད་གྲོས་མོལ་དེ་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་ཡོད། གལ་སྲིད་ངས་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱས་ནས་ཡག་པོ་ཞིག་མ་བྱུང་ན་ང་འཕྲལ་དུ་གྲོས་མོལ་བྱ་ཡུལ་ནས་ཡར་ལངས་ཏེ་ལོག་ཡོང་གི་ཡིན། ཡིན་ནའང་གྲོས་མོལ་མཚམས་བཞག་ནས་ལོག་ཡོང་མི་དགོས་པའི་རེ་བ་ཡོད་ཅེས་སྡིགས་ར་བསྐུལ། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་སྲིད་འཛིན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་ཡག་པོ་ཞིག་བྱུང་ཚེ། ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རྣམས་ཀྱི་ཐུག་འཕྲད་གྲོས་མོལ་ཉི་མ་གཉིས་ལ་ཕར་འགྱངས་བྱ་སྲིད་ཅེས་བཤད་འདུག བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀས་དགྲར་འཛིན་གྱི་སྲིད་ཇུས་ཤིག་བཟུང་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ཁྱབ་བསྒྲགས་བྱས་པ་ལས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་སྐབས་སུ་བྱང་ཀོ་རི་ཡས་དགོས་འདུན་ཅི་ཞིག་འདོན་འཆར་ཡོད་མེད་གསལ་བོ་བཤད་མེད་ཀྱང་སྔོན་ཆད་བྱང་ཀོ་རི་ཡས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་རྡུལ་ཕྲན་མཚོན་ཆ་དགོས་ངེས་ཡིན་ཟེར་གྱི་ཡོད་པར་བརྟེན། ཐེངས་འདིར་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཆོག་ཅེས་ལས་སླ་བོར་ཁས་ལེན་བྱ་སྲིད་པའི་ངེས་པ་མེད་པ་དང་། ཨ་མི་རི་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས། རྡུལ་ཕྲན་མཚོན་ཆ་མེད་པར་བཏང་བ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་པ་ཚོས་ངེས་གཏན་བྱ་དགོས། བྱང་ཀོ་རི་ཡ་ནམ་ཡང་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་ལམ་ཕྱོགས་ལ་ཕྱིར་ལོག་བྱ་མི་ཆོག་ཅེས་རྩ་བའི་རྩ་དོན་ཞིག་བཏོན་ཡོད་པར་བྱང་ཀོ་རི་ཡས་མོས་མཐུན་བྱ་རྒྱུ་ཡིན་མིན་ངེས་གཏན་མེད། ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡའི་ཕྱོགས་ནས་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་དཔུང་འགྲེམ་འཇོག་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས། ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀས་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་གྲོས་མཐུན་ཞིག་བཞག་ཡོད་པ་ཕྱིར་བསྡུ་བྱ་དགོས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བར་ཉུང་མཐའ་ཡང་ལོ་བཅོ་ལྔའི་དུས་ཚོད་དགོས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ཨ་མི་རི་ཀས་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ཕྱིར་འཐེན་བྱ་དགོས། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་སོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་རོགས་རམ་སྤྲོད་དགོས་པ་རྣམས་མཉམ་དུ་ལག་ལེན་བསྟར་དགོས་ཞེས་ཆ་རྐྱེན་འདོན་སྲིད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་ཐེངས་གཅིག་བྱས་ནས་གནད་དོན་ཚང་མ་ཐག་གཅོད་བྱ་ཐུབ་རྒྱུའི་རེ་བ་འཆང་གི་མེད། གཅིག་བྱས་ན་སིང་ག་པུར་གྱི་ཐུག་འཕྲད་འདི་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་ཐེངས་འགའ་ཞིག་གི་འགོ་འཛུགས་ཤིག་ཡིན་སྲིད་ཅེས་བཤད་འདུག ཨ་མི་རི་ཀའི་ཉམས་ཞིབ་པ་ཁག་ཅིག་གིས་སྲིད་འཛིན་ཌོ་ནལ་ཊོམ་ལ་ཕྱི་འབྲེལ་དང་རྒྱལ་ཁབ་འཛིན་སྐྱོང་། རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ཚོར་གྲོས་མོལ་བྱས་པའི་ཉམས་མྱོང་མེད་པ། ལྷག་པར་དུ་ཌོ་ནལ་ཊོམ་གྱི་སྲིད་གཞུང་གི་ནང་དུ་ཕྱི་འབྲེལ་མི་སྣ་མཁས་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཅན་མེད་པ། ཌོ་ནལ་ཊོམ་གྱིས་ཀིམ་ཇུང་ཨུན་ལ་གྲོས་མོལ་ཇི་ལྟར་བྱ་དགོས་མིན་གྲ་སྒྲིག་ཡག་པོ་ཞིག་མེད་པ་བཅས་ཀྱིས་ཐེངས་འདིའི་ཐུག་འཕྲད་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་འཐོན་མི་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད། འོན་ཀྱང་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་འགྱུར་ལས་ཁང་གིས་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གྱི་ཐུག་འཕྲད་གྲོས་མོལ་འདི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན། ད་ཐེངས་ཀྱི་ཐུག་འཕྲད་གྲོས་མོལ་འདི་འགྱུར་བ་ཐེབས་པའི་དུས་སྐབས་ཤིག་དང་འཛམ་གླིང་ཧྲིལ་བོས་དོ་སྣང་དང་རེ་བ་འཆང་ཡོད་པའི་ཐུག་འཕྲད་གྲོས་མོལ་ཞིག་ཡིན། ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གཉིས་ཀྱིས་གནད་དོན་སྣ་མང་ཞིག་ལ་གྲོས་མོལ་བྱ་རྒྱུ་ཡིན། ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་གཏན་དུ་ཞི་བདེ་ཞིག་བསྐྲུན་ཐུབ་པའི་གྲོས་མོལ་བྱ་འཆར་ཡོད་ཅེས་གསར་འགྱུར་སྤེལ་བར་ཨ་རིའི་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་ཁག་གིས་སྤེལ་བའི་གསར་འགྱུར་དེ་རྣམས་རྟགས་མཚན་བཟང་པོ་ཞིག་རེད་ཅེས་བཤད་འདུག

XS
SM
MD
LG